༢༠༡༤ ཟླ་ ༥ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ན་ལེནྡྲ་ཤི་ཀི་ཤ་ (Nalanda Shiksha) ཞེས་རྒྱ་གར་ནང་པའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༩ ཉིན་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱང་སྟེ་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༦ ཚེས་ ༢ བར་ཉིན་གྲངས་བཞིའི་རིང་རྒྱ་གར་ (Maharashtra) མཧཱ་ར་ཤེ་ཊ་གྲོང་ཁྱེར་ (Mumbai) མུམ་བྷེའི་ནང་རྟེན་གཞི་བྱས་པའི་སོ་མ་ཡའི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་ནང་པའི་དད་ལྡན་པ་ཁག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་སྩལ་གཏན་འཁེལ་འདུག
ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་མཛད་འཆར་ཁྲོད་ནས་ཁུལ་དེར་རྟེན་གཞི་བྱས་པའི་མཐོ་རིམ་སློབ་གཉེར་ཁང་དུ་ཆིབས་སྒྱུར་བསྐྱང་སྟེ་རབ་གནས་མཛད་རྒྱུ་མ་ཟད། སློབ་གཉེར་ཁང་དེའི་དགེ་སློབ་དང་དམའ་རིམ་སློབ་གྲྭ ཤེས་ཡོན་ཅན། ཚོང་པ། མང་ཚོགས་སོགས་ལ་བཀའ་སློབ་ཀྱང་སྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༤ ནས་ ༦ བར་ཉིན་གྲངས་གཉིས་རིང་རྡ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་རྒྱ་གར་ནང་རྟེན་གཞི་བྱས་པའི་མཐོ་སློབ་ཁག་གི་སློབ་ཕྲུག་གིས་གཙོས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་འདུག་པ་བཅས། །