༢༠༡༤ ཟླ་ ༥ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧོལ་ལེན་ཌི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཨེམ་སི་ཊར་ཌམ་ Amsterdam ནས་མཁའ་ལམ་བརྒྱུད་ཕེ་རེང་ཀོ་ཕོ་ཊི་ Frankfurt གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བྲག་གཡབ་རིན་པོ་ཆེ་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཇར་མན་གསར་འགྱུ་བརྙན་འཕྲིན་ཚན་པ་གྲགས་ཅན་ཨེ་ཨར་ཌི་ ARD ཞེས་པའི་གསར་འགོད་པ་སི་སེལ་ཤི་ཁོ་ཌི་མན་ Cécile Schortmann ལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ།
ཕྱོགས་མཚུངས་ཇར་མན་ཌི་པི་ཨེ་ dpa ཞེས་པའི་གསར་འགོད་པ་ཇེ་ཀོབ་བྷུ་ལུམ་ Jakob Blume ལགས་ཀྱིས་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་མཆོག་ཐེངས་འདིར་ཡུ་རོབ་ཏུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། ངོས་ནས་ཀྱང་ཐོག་མར་མ་ཤེས་པར་དོལ་རྒྱལ་བསྟེན་གསོལ་བྱས་པ་ཡིན། ཕྱིས་སུ་དེར་མ་འགྲིག་པ་ཞིག་ཡོད་པ་མཐོང་སྟེ་ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་ཡིན། དེ་རྗེས་ངོས་ཀྱིས་ཤེས་ནས་གཞན་ལ་འགྲེལ་བཤད་རྒྱག་རྒྱུ་ངོས་ཀྱི་ལས་འགན་རེད། ཉན་དང་མ་ཉན་སོ་སོའི་རང་དབང་རེད། ཅེས་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་ཇར་མན་དུ་རྟེན་གཞི་བྱས་པའི་བོད་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་༸ཞབས་སོར་འཁོད་བསྟུན་ཇར་མན་ཧེ་སེའི་མངའ་སྡེའི་བློན་ཆེན་སྐུ་ཞབས་ཝོལ་ཀར་བྷུ་ཕི་ཡར་ Minister President Volker Bouffier མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས་གསུང་དོན། ༸གོང་ས་མཆོག་ཁུལ་འདིར་ཆིབས་སྒྱུར་བསྐྱངས་ཏེ་ང་ཚོར་ཞལ་མཇལ་གསུང་ཐོས་ཞུ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོས་སྐུ་ཉིད་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་འཚེ་མེད་ཞི་བ་གོང་འཕེལ་དང་བོད་ནང་དུ་རང་དབང་སླར་གསོའི་ཆེད་སྐུ་ངལ་འཛེམས་མེད་ཐོག་ཐུགས་བརྩོན་ལྷོད་མེད་མཛད་བཞིན་པའི་མཛད་བཟང་དེར་ང་ཚོས་གུས་བཀུར་བསྔགས་བརྗོད་ཤུགས་ཆེ་ཞུ་རྒྱུ་ཡིན། ཇར་མན་མང་ཚོགས་རྣམས་ཀྱིས་རང་ཐག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཕན་ཚུན་འཆམ་མཐུན་ངང་གནས་རྒྱུའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བཀའ་སློབ་སྩལ་དོན། སྐུ་ཉིད་མཆོག་གིས་གང་གསུངས་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། བོད་ཀྱི་གནད་དོན་དེ་བདེན་པའི་གནད་དོན་ཞིག་ཡིན་པ་ཙམ་མ་ཟད། བོད་ཀྱི་ཐུན་མིན་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་སྲུང་སྐྱོབ་བྱ་རྒྱུ་དེ་ནི་གནད་དོན་ཞིག་ཀྱང་ཆགས་ཡོད། དེ་རིང་སྐུ་ཉིད་མཆོག་འདི་གར་བོད་ཁང་ཆུང་ཆུང་ཞིག་ཡོད་པ་འདིར་ཆེད་མངགས་ངོས་རང་ཐུག་པར་ཕེབས་ཡོད། དེར་བརྟེན་ངོས་ཀྱི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་འཕྲལ་ལྡི་ལིར་བོད་ཁང་བཙུགས་པ་མ་ཟད། དེ་རྗེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་བོད་ཁང་གསར་འཛུགས་བྱས་ཡོད། བྲག་གཡབ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༦༤ ནས་ ༡༩༦༦ བར་ལྡི་ལིའི་བོད་ཁང་གི་འགན་འཛིན་གནང་ཡོད། དེ་ནས་རིན་པོ་ཆེ་མཆོག་ཇར་མན་དུ་ཕེབས་ནས་བྷོན་གཙུག་ལག་སློབ་གྲྭའི་ནང་ཕྱག་ལས་གནང་སྐབས་ཇར་མན་དུ་བོད་ཁང་གསར་འཛུགས་གནང་རྒྱུའི་སྐོར་ངོས་ལ་སྐད་ཆ་འདྲི་སྐབས་ངོས་ཀྱིས་དེར་མོས་མཐུན་བྱས་པ་ཡིན། དེའི་རྒྱུ་མཚན་ནི་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་རྒྱུ་རེད་བསམས་པའི་ཐོག་ནས་དེར་རྒྱབ་སྐྱོར་ཞུས་པ་ཡིན། ཞེས་བཀའ་སློབ་སྩལ་བ་མ་ཟད། བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་དང་གསར་འགོད་པའི་དྲི་བར་བཀའ་ལན་ཡང་སྩལ།
སྐབས་དེར་༸གོང་ས་མཆོག་གིས་བོད་རྒྱ་ཞི་མོལ་གྱི་ཐོག་མའི་བྱུང་རབས་དང་དེ་རྗེས་འཕེལ་རྒྱས་ཇི་བྱུང་། ད་བར་རྒྱ་ནག་དང་བོད་མིའི་སྐུ་ཚབ་དབར་ཞི་མོལ་ཐེངས་ག་ཚོད་བྱུང་མིན་དང་གྲུབ་འབྲས་ཇི་བྱུང་སོགས་ཀྱི་སྐོར་བཀའ་སློབ་སྩལ་བ་དང་སྦྲགས། རྒྱ་ནག་མང་གཙོ་དོན་གཉེར་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo ལའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་བཀའ་སློབ་ཕེབས་དོན། ཉེ་ལམ་རྒྱ་རིགས་ཤེས་ཡོན་མི་སྣ་ཁག་གཅིག་གིས་ཁོང་བཙོན་ནས་གློད་བཀྲོལ་གཏོང་དགོས་པའི་ཞུ་སྙན་ཞིག་རྒྱ་ནག་གཞུང་ལ་ཕུལ་བའི་གནས་ཚུལ་ཞིག་གོ་བྱུང་། དེ་སྔ་འབར་མའི་མང་གཙོ་དོན་གཉེར་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyi མཆོག་འབར་མའི་གཞུང་གིས་དམ་བསྒྲགས་འོག་བཀག་ཉར་བྱེད་སྐབས་རྒྱལ་སྤྱིས་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དེས་ཕན་ཐོགས་ཧ་ཅང་བྱུང་ཡོད་པར་བརྟེན་སྐུ་ཞབས་ལིའུ་ཞའོ་པོ་ལའང་རྒྱལ་སྤྱིས་མུ་མཐུད་ནས་རྒྱབ་སྐྱོར་གནང་གལ་ཆེ། ཞེས་བཀའ་སློབ་སྩལ།