༢༠༡༤ ཟླ་ ༥ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་ཏི་ཝི་ཡར་ (Latvia) ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༤ ཉིན་ཁུལ་དེའི་རྒྱལ་ས་རི་གར་ (Riga) ༸ཞབས་སོར་བདེ་བར་འཁོད་སྐབས་ཏེ་ལོ་རིན་པོ་ཆེ་མཆོག་དང་ལ་ཏི་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ( Save Tibet Latvia) དེ་བཞིན་ཨུ་རུ་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ (Save Tibet Russia) བཅས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་གསར་འགོད་པ་རྣམས་ཀྱིས་ཕྱི་ཟླ་ ༥ ཚེས་ ༤ ཉིན་ནི་ལ་ཏི་ཝི་ཡར་རང་བཙན་ཐོབ་པའི་ཉིན་མོ་ཡིན་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན།
ངོས་ཀྱིས་ཁྱེད་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། དུས་རབས་ ༢༠ པའི་འགོ་སྟོད་དང་མཇུག་ཀྱི་བར་བཟང་ཕྱོགས་ཀྱི་འགྱུར་བ་ཤུགས་ཆེན་ཕྱིན་ཡོད་པ་དེར་ལྟ་སྐབས་དངོས་གནས་སེམས་ནང་དགའ་སྤོབས་སྐྱེ་བཞིན་འདུག ཕྱི་ལོ་ ༡༩༩༦ ལོར་ངོས་ཀྱིས་དབྱིན་ཇིའི་རྒྱལ་མོའི་ཨ་མ་ལགས་དང་མཇལ་བ་ཡིན། ཁོང་སྐབས་དེར་དགུང་གྲངས་ ༩༦ སོན་ཡོད་སྟབས་ཁོང་མོའི་མི་ཚེའི་རིང་དུས་རབས་ ༢༠ གནས་སྟངས་ཆ་ཚང་ཉམས་མྱོང་བསགས་པ་ལྟ་བུ་ཆགས་ཡོད། དེར་བརྟེན་ངོས་ཀྱིས་ད་ལྟའི་འཛམ་གླིང་གི་གནས་སྟངས་ནི་དེ་སྔ་དང་གཅིག་མཚུངས་ཡིན་ནམ་ནམ་ཡང་ན་དེ་སྔ་ལས་བཟང་ངན་འགྱུར་ལྡོག་གང་བྱུང་ཡོད་དམ། ཅེས་བཀའ་འདྲི་ཞུས་སྐབས་ཁོ་མོས་ཐེ་ཚོམ་མེད་པར་འཛམ་གླིང་གི་གནས་སྟངས་དེ་སྔ་དང་བསྡུར་བ་ཡིན་ན་བཟང་དུ་ཕྱིན་ཡོད་པ་དང་། ཁོ་མོ་ཆུང་དུས་སྐབས་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་མེད་ཀྱང་དེང་སྐབས་གནད་དོན་དེ་དག་འཛམ་གླིང་ཁྱོན་ཡོངས་སུ་གྲགས་ཡོད། ཅེས་གསུངས་བྱུང་། དེང་སྐབས་འཛམ་གླིང་གི་ས་ཕྱོགས་མང་པོར་རང་དབང་ཆེ་རུ་ཕྱིན་ཡོད། འོན་ཀྱང་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ནང་ཕན་ཚུན་ཁྱད་པར་ལྟར་སྣང་བ་དེ་འདྲ་ཇི་ཙམ་ཡོད་ཀྱང་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་ཡིན་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཆེད་འབད་བརྩོན་མུ་མཐུད་བྱེད་དགོས། དེར་བརྟེན་ལས་འགུལ་དེར་བྷལ་ཊིག་ཡུལ་གྲུ་ (Baltic States) ལྟ་བུ་རྒྱལ་ཁབ་ཆུང་བ་ཚོས་སྐབས་རེ་སྣེ་ཁྲིད་དེ་ཞབས་འདེགས་ཡག་པ་ཞུ་ཐུབ་པར་ངོས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། ཅེས་བཀའ་ལན་སྩལ། དེ་ཡང་༸གོང་ས་མཆོག་གིས་ཐེངས་འདིར་ལ་ཏི་ཝི་ཡའི་ནང་ཉིན་གཉིས་རིང་ཤེས་རབ་སྙིང་པོ་དང་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག་པ་བཅས།།