༢༠༡༤ ཟླ་ ༥ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༧ ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་གྲོང་ཁྱེར་ཨི་ཌི་སི་ཝོལ་ Eidsvoll ཞེས་པའི་ནང་དུ་ནོར་ཝེའི་རྩ་ཁྲིམས་གཏན་འབེབས་བྱུང་བའི་དུས་དྲན་སྲུང་བརྩི་ཞུས་ཡོད། སྐབས་དེར་ཡུལ་དེའི་གཞས་པ་གྲགས་ཅན་སྐུ་ཞབས་ཨོ་ལེ་པོ་སི་ Ole Pausལགས་ཀྱིས་དུས་དྲན་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་གནང་སྐབས་སྡིངས་ཆའི་སྟེང་དུ་བསླེབས་མཚམས་ཉེ་ལམ་ནོར་ཝེའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་མ་ཞུས་པར་སྐྱོན་བརྗོད་ཤུགས་ཆེ་གནང་དོན། ཉེ་ལམ་ནོར་ཝེའི་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གནང་ཕྱོགས་དེ་ནི་རྒྱལ་ཁབ་གྱི་མཚན་མཐོང་ལ་གནོད་གཞི་ཞིག་ཆགས་ཡོད། དེར་བརྟེན་ནོར་ཝེའི་གཞུང་གིས་རྒྱལ་ཁབ་ཀྱི་མཚན་མཐོང་སླར་གསོ་གང་མགྱོགས་གནང་ཐུབ་པ་བྱེད་དགོས། ཞེས་སྐད་ཤུགས་ཆེན་པོས་བསྒྲགས་སྐབས་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཞུས་ཡོད། སྐབས་དེར་ནོར་ཝེའི་སྲིད་བློན་ཨེར་ན་སོལ་བྷག་ Prime Minister Erna Solberg མཆོག་དང་རྒྱལ་པོ་རྒྱལ་མོ་བཅས་ཚང་འཛོམས་ཡོད། དེ་ཡང་ཡུལ་དེའི་བྷར་གེན་གཙུག་ལག་སློབ་གྲྭའི་ Bergen Universityསྲིད་དོན་ཚན་རིག་གི་གཙུག་ལག་སློབ་དཔོན་ཆེན་པོ་སྐུ་ཞབས་ཕེ་རེངྐ་ཨ་རེ་བྷོ་རོ་ཊི་ Frank Aarebrot ལགས་ཀྱིས་ཨེ་ཨེབ་པི་གསུང་དོན།
ནོར་ཝེའི་སྲིད་འཛིན་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ངེས་པར་དུ་ཞུས་དགོས། གང་ཡིན་བརྗོད་ན་ནོ་བེལ་ཞི་བདེའི་གཟེངས་རྟགས་སུ་ལ་འབུལ་རྒྱུའི་མཐའ་མའི་དབང་ཚད་གྲོས་ཚོགས་ལ་ཡོད། དེ་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་ལྔ་པོ་རྣམས་ནོར་ཝེའི་གྲོས་ཚོགས་ཀྱིས་བསྐོ་གཞག་གནང་གི་ཡོད། ཅེས་གསུངས། གཞན་ཡང་མང་ཚོགས་ཁག་གཅིག་གིས་ནོར་ཝེའི་སྲིད་གཞུང་གིས་ཁ་ནས་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་འབོད་ནས་དོན་དངོས་གནང་ཕྱོགས་ནི་དངོས་སུ་རྒྱབ་འགལ་ཆགས་ཡོད། ཅེས་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག དེ་ཡང་སྤྱིར་ནོར་ཝེའི་ཡུལ་གྱི་རྩ་ཁྲིམས་ནི་ཕྱི་ལོ་ ༡༨༡༤ ལོར་ཡིག་ཐོག་བཀོད་ཡོད་ཀྱང་ཡུལ་དེར་ཕྱི་ལོ་ ༡༩༠༥ ལོར་སུ་ཝི་ཌན་ Sweden འོག་ནས་རང་བཙན་ཐོབ་ཡོད།