༢༠༡༤ ཟླ་ ༤ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སུད་སིར་ཡོད་པའི་བོད་ཀྱི་གློག་བརྙན་བཟོ་སྐྲུན་ཁང་དང་ (Filming for Tibet) བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ཁང་ནས་གོ་སྒྲིག་འོག་བོད་ཀྱི་གསོལ་མགྲོན་ཁང་དུ་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པའི་ལས་རོགས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཕྱི་ནང་གི་གསར་འགོད་པ་སོགས་ཁྱོན་མི་གྲངས་ ༥༠ བརྒལ་བ་ལྷན་འཛོམས་བྱུང་བ་རྣམས་ལ་གསར་འགོད་གསལ་བསྒྲགས་སྤེལ་སོང།
དེ་ཡང་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་འབྱེད་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཚོགས་དགོས་དོན་སྐོར་ངོ་སྤྲོད་གནང་གྲུབ་མཚམས་བོད་ཀྱི་གློག་བརྙན་ཁང་གི་ཚོགས་གཙོས་སུད་སི་ནས་མགོ་ལོག་འཇིགས་མེད་ལགས་རྡ་སར་འབྱོར་བར་འཚམས་འདྲི་གནང་བ་དེ་བརྙན་འཕྲིན་བརྒྱུད་བསྟན་ཡོད། དེ་ནས་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁོང་རང་གི་གསར་འགོད་གསལ་བསྒྲགས་ཡིག་ཐོག་ཡོད་པ་དེ་བཞིན་སྒྲོགས་སྦྱང་གནང་དོན། དེ་རིང་གསར་འགོད་གསལ་བསྒྲགས་ཀྱི་མཛད་སྒོ་འདིར་ཕེབས་པའི་ལྷག་བསམ་དྲང་བདེན་ཅན་གྱི་གསར་འགོད་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས་ཚང་མར་ཐུགས་རྗེ་ཆེ་ཞུ། དེ་རིང་ང་སྲོག་གི་ཉེན་ཁ་ནས་ཐར་ཏེ། ང་ཚོ་མཇལ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་བར་ལམ་ནས་ངའི་མི་ཚེའི་ནང་འདི་འདྲ་ཞིག་ཡོང་གི་རེད་དྲན་མ་མྱོང་བའི་གནས་ཚུལ་ཡ་མཚན་ཞིག་ཡིན་ཕྱིར། དེ་རིང་ད་དུང་ཡང་མཚམས་རེར་ངས་འདི་ནི་རྨི་ལམ་ཞིག་མིན་ནམ་དྲན་བཞིན་འདུག དེ་ནི་ངའི་སེམས་གཏིང་གི་ཚོར་བ་ཡིན་ཕྱིར་ངས་ཁྱེད་ཚོར་ནང་ཚགས་བྱས་ནས་ཞུས་པ་ཡིན་ལ། དེ་ནི་གནས་ཚུལ་ཞོར་འཕྲོས་ཙམ་ཡིན། ད་ངས་གསལ་བསྒྲགས་དངོས་གཞི་མགོ་འཛུགས་ཞུ་གི་ཡིན།
དོན་ཚན་དང་པོ། ཐོག་མར་རང་ཉིད་ངོ་སྤྲོད་སྙིང་བསྡུས།
ངའི་མིང་ལ་མགོ་ལོག་འཇིགས་མེད་ཟེར། ངའི་སྐྱེས་ཡུལ་ནི་བོད་ཆོལ་ཁ་གསུམ་གྱི་ནང་ནས་མདོ་སྨད་ཨ་མདོ་མགོ་ལོག་དབལ་ཤུལ་གསེར་རྟ་ཏོག་ཚ་སྡེ་བ་རེད། འོན་ཀྱང་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཡུལ་བཅད་བགོས་འདྲ་མིན་བྱས་ཡོད་པ་གཞིར་བཞག་བྱས་ན། རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་རྟ་རྫོང་ཁོངས་རགས་བཀྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ་རེད། ངའི་ཕ་མིང་ལ་སྟོབས་ལྡན་དང་། མ་མིང་ལ་འཛམ་སྒྲོན་ཟེར། ང་ཚོར་མིང་སྲིང་ ༥ ཡོད་པའི་ནང་ནས་ང་ ༣ པ་དེ་ཡིན། ང་རང་ལོ་ ༡༥ ཡིན་སྐབས་གྲྭ་བ་བྱས་ཏེ། ངའི་དགེ་རྒན་བཀའ་དྲིན་ཅན་ཚོས་ང་བཀའ་དྲིན་གྱིས་བསྐྱངས་ཡོད། དེ་རྗེས་ང་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཕྱིན་ནས། ལོ་ཤས་རིང་དེ་གར་ཟུར་ཞུགས་བྱས་ཏེ། སློབ་གཉེར་བྱས་པ་དང་། སྐབས་དེ་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཚོགས་དང་། ཆོས་ར་བཅས་ཀྱི་གྲྭ་བའི་གྲངས་འབོར་ལ་རྒྱ་ནག་དམར་གཞུང་གིས་ཚོད་འཛིན་བྱེད་བཞིན་ཡོད་པར་བརྟེན། ལས་སླ་བོས་གྲྭ་བ་ཚོ་དགོན་པའི་སྒྲིག་ཁོངས་སུ་ཞུགས་ཐུབ་ཀྱི་མེད་ཀྱང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེས་དམིགས་བསལ་གྱིས་ང་དགོན་པའི་སྒྲིག་ཁོངས་སུ་བཅུག་གནང་བ་དང་། དེ་ནས་བཟུང་ཕྱི་ལོ་ ༢༠༠༨ ལོའི་བར་ངས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་བྱས་པ་ཡིན། དེ་ནི་སྤྱིར་བཏང་གི་ངའི་ངོ་སྤྲོད་སྙིང་བསྡུས་ཡིན།
དོན་ཚན་གཉིས་པ། རྒྱ་གཞུང་ལ་ངས་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ངོ་སྤྲོད།
ཕྱི་ལོ་ ༡༩༥༠ ཙམ་ནས་རྒྱ་དམར་གྱིས་ཐོག་མར་བོད་ལ་བཙན་འཛུལ་བྱེད་སྐབས་དང་། དེའི་རྗེས་བཅས་སུ་ཉེས་མེད་བོད་མི་འབུམ་ཕྲག་བཅུ་གཉིས་ཙམ་དམར་གསོད་བཏང་བའི་སྐོར་དང་། བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བཏང་བའི་སྐོར་སོགས་སྐབས་དེའི་བོད་མི་རྒན་རབས་པ་ཚོས་མིག་གིས་དངོས་སུ་མཐོང་འདུག་ཀྱང་། རྒྱུ་མཚན་དེ་ཙམ་ལ་བརྟེན་ནས་ངས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་མིན། ངས་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དངོས་སུ་ང་ཚོས་མཐོང་བའི་ད་ལྟའི་རྒྱ་དམར་སྲིད་གཞུང་གིས་བོད་མི་ཚོར་མ་ཉེས་ཁག་གཡོགས་དང་། དམར་གསོད། དྲག་གནོན། གཅར་རྡུང་། བཙོན་འཇུག མཐོང་ཆུང་། མགོ་སྐོར་བསླུ་འབྲིད་སྣ་ཚོགས་ཀྱིས་བོད་མི་རིགས་རྩ་མེད་གཏོང་བཞིན་པའི་སྐོར་ཡིན། རྒྱ་གཞུང་གིས་བོད་མིར་བཙན་དབང་ཁོ་ནས་བོད་མི་མང་གི་སེམས་གཏིང་ནས་ཡིད་ཆེས་དང་དད་པ་ཞུ་ཡུལ་གཙོ་བོ། བོད་མི་རིགས་ལ་བཀའ་དྲིན་མཚུངས་ཟླ་མེད་པའི་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་དད་གུས་ཞུ་མི་ཆོག་པར་མ་ཟད། ཁོང་ལ་མ་ཉེས་ཁག་གཡོག་གིས་ངོ་རྒོལ་དང་མཚན་སྨད་ཞུ་བཅུག་པ་དང་། དགོན་སྡེ་གྲྭ་ཚང་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཙན་དབང་གིས་སྤེལ་བཞིན་པ། བོད་ཀྱི་ལོ་རྒྱུས་ཐོག་ནས་སྙན་གྲགས་ཆེ་བའི་གདན་ས་སེ་འབྲས་དགེ་གསུམ་དང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་ཀྱིས་གཙོས་བོད་བརྒྱུད་ཆོས་དང་རིག་གཞུང་གི་བསྟི་གནས་དང་། མང་ཐོས་མཁས་པའི་འབྱུང་གནས་དགོན་སྡེ་གྲྭ་ཚང་གང་མང་ལ་སློབ་གཉེར་བ་འཛུལ་ཞུགས་བྱེད་མ་བཅུག་པར། སློབ་གཉེར་བའི་གྲངས་འབོར་ལ་ཚོད་འཛིན་གཏན་འབེབས་བྱེད་བཞིན་པ་སོགས་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་བའི་གནས་ཚུལ་ཡ་ང་བ་གང་མང་འབྱུང་བཞིན་ཡོད།
དེ་བཞིན་རྒྱ་གཞུང་གིས་བོད་མི་རིགས་ཀྱི་བླ་སྲོག་བོད་ཀྱི་ཐུན་མིན་སྐད་ཡིག་རྩ་མེད་གཏོང་བཞིན་པ། དཔེར་ན། ད་ལྟ་བོད་ནང་རྒྱ་གཞུང་གི་ལས་ཁུངས་ཧ་ཅང་མང་པོ་ཡོད་པ་དེ་དག་གི་ནང་བོད་ཡིག་བེད་སྤྱོད་གཏོང་ས་གཅིག་ཀྱང་མེད་ལ། དེ་བཞིན་བོད་ས་ནང་ཁུལ་དུ་བོད་རིགས་སྤུན་ཟླ་ཚོས་སྦྲགས་ཁང་བརྒྱུད་ཕར་ཚུར་ཡི་གེ་གཏང་དགོས་བྱུང་སྐབས། ཡིག་ཤུབས་ཐོག་རྒྱ་ཡིག་འབྲི་དགོས་པ་ལས། བོད་ཡིག་གཅིག་པུ་བྲིས་ནས་བསྐུར་ན། ཡི་གེ་དེ་གད་སྙིགས་ནང་འཕངས་པ་ལྟར་གར་སོང་ཆ་མེད་དུ་བརླགས་འགྲོ་རྒྱུ་ཙམ་ལས། ད་བར་བོད་ས་ནང་ཁུལ་དུ་ཡིག་ཤུབས་ཐོག་བོད་ཡིག་བྲིས་ནས་བསྐུར་ཏེ། ཡི་གེ་འཕྲོད་སོང་བ་ཞིག་ལོ་རྒྱུས་སྟེང་བྱུང་མྱོང་མེད།
དེ་བཞིན་ལྷག་བསམ་ཅན་གྱི་བོད་མི་རེ་ཟུང་གིས་བོད་ཡིག་སྦྱང་སའི་སྒེར་གྱི་སློབ་གྲྭ་རེ་ཟུང་འཛུགས་མཁན་དག་ལའང་ཆབ་སྲིད་ཀྱི་ཞྭ་མོ་འདྲ་མིན་གཡོགས་ནས། སྒེར་བཙུག་སློབ་གྲྭ་ཁག་སྒོ་རྒྱག་བཅུག་པ་སོགས་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་འགོག་རྐྱེན་རྩོམ་བཞིན་ཡོད། དེ་ནི་བོད་ཡིག་ལ་ཉེས་སྐྱོན་ཡོད་པས་མིན་པར། བོད་རང་ཉིད་ཀྱི་ས་ཁུལ་ནང་ལའང་བོད་ཡིག་བེད་སྤྱོད་མེད་པར་བཟོས་པ་དེའི་དམིགས་ཡུལ་ནི། སི་ཏཱ་ལེན་གྱིས། མི་རིགས་ཤིག་རྩ་མེད་གཏོང་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར། ཞེས་བཤད་པ་ལྟར་ལག་བསྟར་བཏབ་པ་ཞིག་རེད།
གཞན་ཡང་རྒྱ་གཞུང་གིས་དེང་སྐབས་བོད་ནང་བོད་མིའི་དཔལ་འབྱོར་ཡར་རྒྱས་བཏང་ཡོད་ཅེས་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་ཡོད་མོད། དེ་ཡང་བདེན་པ་མིན། དངོས་ཡོད་གནས་ཚུལ་ལ་བོད་ལ་བརྟེན་ནས་རྒྱ་ནག་དམར་གཞུང་ཕྱུག་པོ་ཆགས་བཞིན་ཡོད་པ་ལས། རྒྱ་གཞུང་གིས་ཁ་ཡོད་ལག་ཡོད་ཀྱིས་དཔལ་འབྱོར་ཐོག་ནས་བོད་ཡར་རྒྱས་བཏང་བཞག་པ་ཞིག་རྩ་བ་ནས་མེད། གལ་ཏེ་རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་གཏང་ན། སེམས་ཅན་ལུག་གི་བལ་དང་། ཁུ་ལུ། འབྲི་གཡག་གི་ཀོ་བ་སོགས་ཀྱི་ཐོན་ཁུངས་ཡག་ཤོས་དེ་ང་ཚོ་བོད་ཡིན་པར་བརྟེན། རྒྱ་གཞུང་གིས་བོད་ནང་གི་འབྲོག་ཕྱོགས་ཁག་ཏུ་བལ་དང་། ཁུ་ལུ། ཀོ་བ་བཅས་ཀྱི་གྱོན་ཆས་སོགས་བཅའ་དངོས་འདྲ་མིན་གྱི་བཟོ་གྲྭ་གང་མང་བཙུག་ནས། ས་གནས་བོད་རིགས་མང་ཚོགས་ཚོར་བཟོ་གྲྭ་དེའི་རིགས་ནང་ལས་ཀ་བྱེད་བཅུག་ན། དངོས་གནས་དེ་ལ་བརྟེན་ང་ཚོ་བོད་མིའི་དཔལ་འབྱོར་ལའང་ཕན་ངེས་ཡིན་ཡང་། ད་བར་རྒྱ་གཞུང་གིས་བོད་ནང་དེ་འདྲའི་བཟོ་གྲྭ་རྐང་གཅིག་བཙུག་མྱོང་མེད་པར་མ་ཟད། ལྷག་བསམ་ཅན་གྱི་བོད་མི་རེ་ཟུང་གིས་སྒེར་གྱིས་འགྲོ་སོང་བཏང་ནས་ཀོ་བས་ལྷམ་སོགས་བཅའ་དངོས་རིགས་བཟོ་སའི་བཟོ་གྲྭ་རེ་འཛུགས་རྒྱུའི་གྲྭ་སྒྲིག་བྱས་པར། རྒྱ་གཞུང་གིས་དེ་ཡང་བཀག་འགོག་བྱས་པར་མ་ཟད། དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་། བོད་མིའི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་བོད་ཀྱི་འབྲོག་ཕྱོགས་ཕམ་ཉེས་གཏོང་ཐབས་སུ་འབྲོག་ཕྱོགས་གྲོང་བརྡལ་ཅན་དུ་བསྒྱུར་བ་ཟེར་བ་སོགས་འབྲོག་སྡེ་ཁག་རྩ་མེད་གཏང་ཐབས་སུ་ལས་འགུལ་ཡ་ང་བ་འདྲ་མིན་སྤེལ་བཞིན་ཡོད།
དེར་བརྟེན་བོད་ནང་གི་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་ཞིག་ནམ་འཆར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་བོད་ལ་ནམ་ཕེབས་སོགས་ལ་རེ་སྒུག་བྱས་ཏེ། ཉིན་འཁྱོལ་ཡང་མཚན་མི་ཁྱོལ་བའི་གནས་སྟངས་ཛ་དྲག་ངང་གནས་ཡོད། འོན་ཀྱང་ད་དུང་རྒྱ་གཞུང་གིས་འཛམ་གླིང་མི་མང་ལ་བོད་ནང་གི་བོད་མི་བརྒྱ་ཆ་ ༩༩ ཙམ་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་འདོད་པ་ཁེངས་བསྡད་ཡོད། ཟེར་བ་དང་། བོད་ནང་རྒྱ་གཞུང་གི་སྲིད་ཇུས་ཀྱིས་འདོད་པ་མ་ཁེངས་མཁན་བོད་མི་ལོག་སྤྱོད་པ་ཉུང་ཤས་ཤིག་ལས་མེད། ཟེར་བ་སོགས་རྫུན་གཏམ་དང་། ལོག་བཤད་འདྲ་མིན་སྤེལ་ཏེ། བོད་ནང་གི་གཞིས་ལུས་མང་ཚོགས་ཀྱི་སེམས་ཁུངས་ན་ཡོད་པའི་དངོས་ཡོད་དཀའ་སྡུག་དང་། རེ་སྒུག་རི་བོ་འདྲ་བ་དེ་དག་རྒྱ་གཞུང་གིས་སྦེད་ཐབས་བྱེད་བཞིན་པ་དང་། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོས་བཏོན་པའི་བོད་རྒྱ་གཉིས་ཕན་གྱི་ལམ་དབུ་མ་ནི་མི་རིགས་ཁ་བྲལ་གཏོང་བྱེད་ཡིན་ཚུལ་སོགས་ལོག་འགྲེལ་བྱེད་བཞིན་པ་དང་། ཅུང་ཟད་སྣང་བར་མ་འགྲོ་བའི་སྐབས་རྒྱ་གཞུང་གིས་ས་གནམ་གཉིས་ཀྱི་བདག་པོ་ཀྲུང་གོ་གུང་ཁྲན་ཏང་ལས་མེད། ཅེས་ཧམ་བཤད་ཀྱིས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མིའི་ལག་ནས་བཙན་དབང་གིས་ས་ཆ་བཙན་འཕྲོགས་དང་། གཞུང་བཞེས་བྱེད་བཞིན་པ་སོགས་འདི་དག་ནི་ངས་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་མདོར་བསྡུས་ཙམ་ཡིན་ལ། མདོར་ན། ངས་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་མ་བྱས་ཐབས་མེད་པའི་རྒྱུ་མཚན་རྣམས་ནི་རྒྱ་དམར་སྲིད་གཞུང་རང་ཉིད་ཀྱིས་བྱེད་སྟངས་མ་འགྲིག་པ་ཁོ་ན་ལ་བརྟེན་ནས་རྒྱ་ནག་དམར་གཞུང་རང་སྟེང་ནས་བྱུང་བ་འབའ་ཞིག་ཡིན།
དོན་ཚན་གསུམ་པ། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་དང་། སྤྱི་ཚོགས་ལ་ཞབས་ཕྱི་ཞུས་རབས་སྙིང་བསྡུས།
གོང་བརྗོད་ཀྱི་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་ཐབས་སུ་ཉིན་རེ་བཞིན་ལས་འགུལ་ཆེ་ཕྲ་ཆུང་གསུམ་གང་མང་ཞིག་སྤེལ་ཡོང་སྐབས་སྲིད་ཇུས་ནག་པོ་དེ་ཚོ་ང་ཚོས་མཐོང་བཞིན་དུ་མ་མཐོང་ཁུལ་བྱས་ཏེ། ང་ཚོ་བསྡད་མ་ཐུབ་པར་བརྟེན། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་གཙོས་ང་ཚོས་རང་ནུས་གང་ཡོད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་བྱུང་བ་རེད། དཔེར་ན། དངོས་ཡོད་གནས་ཚུལ་ལ་བོད་ནང་གི་བོད་མིའི་སེམས་ཁོངས་ན་ཅི་ཡོད་ཕྱི་རྒྱལ་མང་ཚོགས་ཀྱིས་ཤེས་རྟོགས་འབྱུང་ཆེད་ངའི་གྲོགས་པོ་དོན་གྲུབ་དབང་ཆེན་དང་ངེད་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་བཅར་འདྲི་བྱས་པའི་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་དེ་བཟོས་པ་རེད། དེ་མཚུངས་ང་རང་སྒེར་ངོས་ནས་དང་། འཐབ་གྲོགས་གཞན་ཚོ་དང་མཉམ་དུ་ཡང་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་ངོ་རྒོལ་གྱི་ལས་འགུལ་གང་མང་སྤེལ་བ་ཡིན། དེ་མཚུངས་སྤྱི་ཚོགས་ནང་ལེགས་སྤེལ་ཉེས་འགོག་གི་ཕྱོགས་ལ་བསམ་ཚུལ་བརྗེ་རེས། ༸གོང་ས་༸སྐྱབས་མགོན་ཆེན་པོའི་རིན་ཐང་ཆེ་བའི་བཀའ་སློབ་འགའ་རེ་དང་། དབུ་མའི་ལམ་གྱི་སྲིད་ཇུས་སྐོར་གྱི་ཡིག་ཆ་བོད་ཡིག་ཐོག་དཔར་སྐྲུན་དང་། དེ་བཞིན་རྒྱ་ཡིག་ཏུ་བསྒྱུར་ཏེ། རྒྱ་བོད་སོ་སོའི་མང་ཚོགས་ནང་རིན་མེད་འགྲེམས་སྤེལ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་ཀའང་གང་འཚམས་བྱས། བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་རབས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རིགས་དེ་རིང་འདིར་ཇི་བཞིན་པ་ཞིག་བརྗོད་བདེ་མ་མཆིས་ཀྱང་། ཡུལ་དུས་གནས་སྐབས་ལ་བསྟུན་ནས་རིམ་གྱིས་ཁྱེད་ཚོའི་སྤྱན་ལམ་ལ་འབུལ་ཐུབ་པ་ཞུ་ངེས་ཡིན། འོན་ཀྱང་ང་དང་། ངའི་གྲོགས་པོ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་། གཙོ་བོ་རྒྱ་གཞུང་གི་དབུས་དང་། ས་གནས་བཅས་ཀྱི་ལས་ཁུངས་ཁག་ལ་རང་སྐྱོན་གོ་བརྡ་འཕྲོད་ཐབས་དང་། བསམ་ཤེས་གོ་ཤེས་འབྱུང་ཐབས་ཁོ་ན་རུ་དམིགས་ཏེ། འཚེ་མེད་ཞི་བ་འབའ་ཞིག་གི་ལས་འགུལ་སྤེལ་ཡོད་པ་ལས། རྒྱ་མི་རྐང་གཅིག་གི་ཡང་ཚེ་སྲོག་དང་། རྒྱུ་དངོས་བཅས་ལ་གནོད་འཚེ་སྤུ་ཙམ་བྱས་མེད།
དོན་ཚན་བཞི་པ། ང་ཐེངས་གསུམ་ལ་བཙོན་འཇུག་དང་མནར་གཅོད་སྐོར་ངོ་སྤྲོད་སྙིང་བསྡུས།
ཀ༽ཕྱི་ལོ་ ༢༠༠༨ ལོའི་བཙོན་འཇུག་སྐབས་ཀྱི་གནས་ཚུལ་སྙིང་བསྡུས། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༣ ཉིན་དེང་སྐབས་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གི་བསང་ཆུ་རྫོང་གི་ཉེན་རྟོག་པ་དང་། ཀན་ལྷོ་ཁུལ་གྱི་ཉེན་རྟོག་པའི་མགོ་གཙོ་༼ཀྲང་ཅུས་ཀྲང་༽གིས་གཙོས་གློག་དབྱུག་དང་། མེ་མདའ་ཐོགས་པའི་ཉེན་རྟོག་པ་ ༦༠ ཙམ་དང་། དམག་མི་ ༢༠༠ ལྷག་ཅིག་གིས་ང་འཛིན་བཟུང་བྱས་པ་དང་། ལོ་དེའི་ཟླ་ ༡༠ ཚེས་ ༡༥ བར་བསྡོམས་པའི་ཟླ་ ༦ དང་། ཉིན་གྲངས་༢༢་བར་བཀག་ཉར་འོག་ཁོང་ཚོས་ངའི་ལུས་སེམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་བཏང་བ་རེད། དེ་ལས་ཀྱང་ཉིན་གྲངས་ ༥༡ ཙམ་རིང་ང་ལ་སྡུག་སྦྱོང་མནར་གཅོད་གང་མང་བཏང་བ་རེད།
ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༢༣ ཉིན་ནས་ལོ་དེའི་ཟླ་ ༥ པའི་ཚེས་ ༡༢ བར་ང་ལ་རྡུང་རྡེག་མནར་གཅོད་བཏང་བ་དང་། ཕྱི་ཟླ་ ༤ བའི་ནང་ཁོང་ཚོས་ངའི་གོན་པ་ཆ་ཚང་བཙན་ཕུད་ཀྱིས་༼ལོ་ཧོས་ཏེན༽ཞེས་པའི་རྐུབ་ལྕོག་ཅིག་གི་ཐོག་ནས་ངའི་རྐང་ལག་བཞི་གར་ལྕགས་ཀྱི་གསེང་ནས་འཛེར་མ་ཤ་གསེང་ལ་ཟུག་འགྲོ་མཁན་བཞི་བརྒྱབས་རྗེས་རྐང་ལག་བཞི་རྒྱབ་ནས་དམ་པོ་བཅིང་ནས། གནམ་བཏགས་བྱས་ཏེ། མནར་གཅོད་གཏོང་བ་དང་མཉམ་དུ་ངོ་གདོང་ལ་གློག་གི་འོད་མངག་ནས་གདོང་པ་བསྲེགས་པ་སོགས་བཙོན་ལས་བྱེད་སྟངས་ཤིག་འདུག་པ་ལྟར། ཁོང་ཚོ་ཉེན་རྟོག་པ་ ༡༦ གིས་ང་ལ་བཙོན་ལས་བྱས་ཏེ། དགོང་མོའི་ཆུ་ཚོད་ ༩ པ་ཙམ་ནས་གནམ་བཏགས་བྱས་ཏེ། ཞོགས་པའི་ཆུ་ཚོད་ ༧ པ་ཙམ་བར་བཞག་སོང་བ་དང་། དེ་ནི་ང་གནམ་བཏགས་བྱས་པའི་དུས་ཚོད་རིང་ཤོས་རེད། སྐབས་དེར་ང་ལ་རྒྱུན་ལྡན་མིན་པའི་ཚོར་བ་མ་འདྲ་བ་ཞིག་བྱུང་བ་ནི། ངའི་ཁོག་པའི་ཁ་རལ་ཏེ། ངའི་གློ་སྙིང་མཆིན་གསུམ་ཆ་ཚང་ས་ལ་འཐོར་སོང་བསམ་པ་དེ་འདྲ་ཡང་ཡང་འབྱུང་གི་འདུག་པ་དང་། དེ་མ་ཐག་ངས་གཟབ་གཟབ་བྱས་ནས་མིག་གིས་ས་ཐོག་ལ་བལྟས་པར་ངའི་གློ་སྙིང་སོགས་ནང་ཁྲོལ་གང་ཡང་ས་ལ་འཐོར་མི་འདུག དེ་མཚུངས་གནམ་བཏགས་བྱེད་སྟངས་མ་འདྲ་བ་ཐེངས་མ་ ༧ ཙམ་བྱས་སོང་བ་དང་། གཅར་རྡུང་གཏོང་སྟངས་དེའི་རིགས་ཀྱི་ན་ཟུག་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད། སྐབས་དེར་དྲན་པ་བརྒྱལ་སོང་ན་ཚོར་བ་ཡང་ཉམས་འགྲོ་བར་ངེས་ཀྱང་། མི་སོ་སོའི་རྩ་ཁམས་ཀྱི་ཁྱད་པར་ཞིག་ཡིན་ནམ་སྙམ། ང་ལ་དྲན་པ་འཐོར་ནས་བརྒྱལ་འགྲོ་རྒྱུ་གཏན་ནས་མི་འདུག སྐབས་དེ་དག་ཏུ་ངའི་སྒལ་ཚིགས་དང་། རྐང་ལག མིག་བཅས་ལ་སྐྱོན་ཆེན་པོ་ཤོར་སོང་བར་མ་ཟད། རྩིབ་རུས་ཁ་ཤས་ཀྱང་བཅག་པ་དང་། རྐང་བའི་པུས་མོ་གཉིས་ཀའི་ཚིགས་ཕུད་སོང་བ་སོགས་གཟུགས་པོ་ལ་ཧ་ཅང་སྐྱོན་ཆེན་པོ་བྱས་སོང་བར་བརྟེན། ད་ལྟ་ཡང་གཟུགས་པོ་གྲང་མོ་ཆགས་སྐབས་དེ་སྔོན་བཅག་ཤུལ་གྱི་རྩིབ་རུས་རྣམས་ན་གིན་འདུག་པ་དང་། སྒལ་ཚིགས་ཀྱང་མཚམས་རེར་ན་གིན་འདུག
མཚམས་རེར་པུས་མོའི་ཚིགས་བུད་འགྲོ་གི་འདུག་པ་སོགས་དཀའ་ངལ་མང་དག་ཅིག་ད་དུང་འབྱུང་བཞིན་འདུག དེ་བཞིན་ཁོ་པ་ཚོས་ང་ལ་མནར་གཅོད་ཚད་མེད་པ་རེ་བཏང་རྗེས་སླར་ཡང་ང་འདྲི་གཅོད་ཁང་རེའི་ནང་ཁྲིད་ནས་བསམ་ཚུལ་དྲང་པོ་ཤོད་ཟེར། ངས་ཀྱང་ཁོ་པ་ཚོར་དྲང་པོ་དྲང་བཞག་གི་བསམ་ཚུལ་ཞུས་པ་ཡིན། དེ་ཡང་ངས་ཁོ་པ་ཚོར་དེ་སྔོན་ང་ཉེན་རྟོག་པའི་ལག་ནང་གཅར་རྡུང་གཏང་སར་འགྲོ་མྱོང་མེད་ཀྱང་རྒྱ་གཞུང་ཉེན་རྟོག་པས་མི་ལ་མནར་གཅོད་ཧ་ལས་དགོས་པ་གཏོང་བཞིན་ཡོད་པ་རེད་ཟེར་བ་གོ་ཐོས་བྱུང་། འོན་ཀྱང་ད་ཐེངས་ང་རང་གིས་དངོས་སུ་མནར་གཅོད་མྱང་བར་བརྟེན། ངས་ཀྱང་ཁྱེད་ཚོར་རང་ཉིད་ཀྱི་བསམ་ཚུལ་དྲང་པོ་ཞུས་ཆོག ང་ཚོ་བོད་ལ་མཚོན་ན་སེམས་ཅན་འབུ་སྲིན་གྲོག་པ་ཚུན་ཆད་ལ་བྱམས་སྐྱོང་བྱ་རྒྱུའི་གོམས་གཤིས་འཇགས་བསྡད་ཡོད་པ་རེད། དེར་བརྟེན་འགྲོ་བ་མི་ལ་ཁྱེད་ཚོ་ལྟར་མནར་གཅོད་གཏང་མི་སྲིད་པར་མ་ཟད། སེམས་ཅན་དུད་འགྲོ་ལའང་ཁྱེད་ཚོས་བྱེད་སྟངས་ལྟར་མནར་གཅོད་གཏང་མི་སྲིད་མོད། དེ་འདྲའི་བོད་མི་རིགས་ཀྱི་བྱམས་བརྩེའི་བཟང་སྤྱོད་དེ་ནི་འགྲོ་བ་ཚང་མ་ལ་ཡོད་པའི་བཟང་སྤྱོད་ཅིག་ཡིན་པར་དྲན་པ་ལས། དེ་བོད་མིའི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཡིན་པར་ངས་དྲན་མ་མྱོང་ཡང་།
ད་ཐེངས་ང་ཁྱེད་ཚོའི་ལག་འོག་ལ་སླེབས་ནས་བློ་སྐྱེད་གསར་བ་ཞིག་བྱུང་བ་ནི་ང་ཚོ་བོད་མི་རིགས་ནི་གཞན་ལ་མི་སྤྱོད་ལས་འདས་པའི་གནོད་འཚེ་མི་བྱེད་པའི་བྱམས་བརྩེའི་བདག་ཉིད་ཅན་གྱི་མི་རིགས་རྩ་ཆེན་ཞིག་ཡིན་པར་ཤེས་སོང་ལ། བོད་མི་རིགས་ལ་བྱམས་བརྩེ་སོགས་གོམས་གཤིས་བཟང་པོ་འདི་འདྲ་ཞིག་ཡོད་པ་དེ་ནི་ཅིག་བྱས་ན་ང་ཚོ་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་ཐུགས་རྗེ་དང་བྱིན་རླབས་ཡིན་ལ། བོད་བརྒྱུད་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་། བོད་ཀྱི་མེས་པོ་གོང་མ་ཚོའི་བཀའ་དྲིན་ཡང་ཡིན་ངེས་རེད། དེ་བཞིན་ད་ནས་ངོ་མ་ང་ཁྱེད་ཚོ་རྒྱ་མི་གུང་ཁྲན་ཏང་ཟེར་བ་དེ་ལ་ཞེན་པ་རྩ་བ་ལོགས་སོང་། གང་ཡིན་ཞེ་ན། ཁྱེད་ཚོར་བྱམས་བརྩེ་དང་། དྲང་བདེན། ཡ་རབས་སྤྱོད་བཟང་སོགས་འཇིག་རྟེན་གྱི་མིའི་འགྲོ་སྟངས་རྩ་བ་ནས་མི་འདུག དེའི་རྒྱུ་མཚན་ཅི་ཡིན་ངའི་ཤེས་མ་སོང་། དེ་རིང་ཁྱེད་ཚོས་ང་ལ་བསམ་ཚུལ་དྲང་པོ་ཤོད་གསུངས་དུས། ངས་ཀྱང་ང་རང་གི་སེམས་ལ་གང་དྲན་པ་དེ་དྲང་པོ་དྲང་བཞག་བྱས་ཏེ། ཁྱེད་ཚོར་བཤད་པ་ཡིན། ཞེས་སོགས་ཁོང་ཚོར་བཤད་པ་ཡིན། ཁོང་ཚོས་ང་ལ་ཉིན་གྲངས་ ༥༡ དང་། ཉིན་མཚན་བསྡོམས་ཉིན་ཞག་ ༡༠༢ ཙམ་རིང་རྡུང་རྡེག་མནར་གཅོད་ཚད་མེད་བཏང་མཐར་ཀྲུང་དབྱང་ནས་ཡོང་ནི་ཡིན། ཟེར་བའི་ཚོགས་པ་ཞིག་སླེབས་སོང་ལ། ཁོང་ཚོས་བདག་ལ་འཇམ་པོའི་རྣམ་འགྱུར་གྱིས་བསླུ་འབྲིད་ཀྱི་སྐད་ཆ་གང་མང་བཤད་བྱུང་བར་བརྟེན། སླར་ཡང་ང་ཚོ་བསམ་ཚུལ་མ་མཐུན་པར་ཁ་རྩོད་གང་མང་ཤོར་སོང་།
སྐབས་དེར་ང་ལ་ཉེས་འཛུགས་གཙོ་བོ་ནི་འཇིགས་བྲལ་གློག་བརྙན་གྱི་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་ཟེར་བ་དང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞུ་རྒོལ་ཆེན་མོ་ཞི་རྒོལ་མིན་པར་རྡུང་གཅོག་འཕྲོག་བསྲེགས་ཀྱི་དྲག་རྒོལ་ཡིན་རབས་དང་། དེ་ཡང་སྒྲིག་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་གཏོར་བཤིག་དང་། དྲག་སྤྱོད་ཚབས་ཆེན་ཡིན་ཚུལ་ངོས་ལེན་དགོས་ཟེར་བ་དང་། ཁྱོད་ཚོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྒོར་མོ་སྤྲད་ཡོད་ལ། ཁྱོད་ཀྱང་གཞོན་ནུའི་ཚོགས་མི་ཞིག་རེད། དེ་མཚུངས་མང་ཚོགས་ཡར་ལངས་སྐབས། དེའི་ནང་གཞོན་ནུའི་ཚོགས་མི་ཡོད་པ་རེད། ཁྱོད་ཀྱིས་གཞོན་ནུའི་ཚོགས་མི་ཞིག་རྩིས་སྤྲོད་ཀྱིས་དང་། ང་ཚོས་ཁྱོད་ལ་གང་ཅིའི་བསམ་བློ་གཏང་ངེས་ཡིན་སོགས་ཟེར། དེ་བཞིན་ཏཱ་ལའི་བླ་མས་ཁྱེད་ཚོར་སྒོར་མོ་སྤྲད་ཡོད་པ་ངོས་ལེན་བྱེད་དགོས། མང་ཚོགས་ཡར་ལངས་སྐབས་བོད་ས་ཡོངས་རྫོགས་ལ་ཐུན་མོང་གི་སྒྲིག་འཛུགས་འདུག ཁྱོད་ཀྱང་དེའི་ནང་གི་ཚོགས་གཙོ་ཞིག་རེད། ང་ཚོས་གནས་ཚུལ་ཆ་ཚང་ཤེས་ཡོད།
ཐེངས་འདིར་དྲག་རྒོལ་བ་འཛིན་བཟུང་བྱས་པ་ཚང་མས་སྐད་ཆ་བཤད་རྒྱུ་གཅིག་མཚུངས་རེད། དེ་ཁྱོད་ཚོར་སྤྱི་ཡོངས་ཀྱི་སྒྲིག་འཛུགས་ཡོད་པའི་རྟགས་མཚན་རེད་སོགས་ཟེར། ཁོང་ཚོས་ཧམ་བཤད་བྱས་ཚད་ལ་བདག་གིས་རྒྱུ་མཚན་ལྡན་པའི་ལན་འདེབས་བྱེད་སྐབས་ཁོང་ཚོར་ཁ་གྲགས་རྒྱུ་མེད་པར་གྱུར་འགྲོ་གི་འདུག་ཀྱང་། དེའི་སྐོར་ཚང་མ་ངས་དུས་ཐུང་ནང་འགྲེལ་བཤད་རྒྱག་ཐབས་བྲལ་ཡང་། ཁོང་ཚོས་མང་ཚོགས་ཡར་ལངས་སྐབས་བོད་ཡུལ་སྤྱི་ཡོངས་ལ་སྒྲིག་འཛུག་འདུག་ཟེར་བ་དེར་བདག་གིས་ལན་འདེབས་བྱས་རབས་འགྲེལ་བཤད་ཅིག་བྱས་ན། བདག་གིས་ཁོང་ཚོར་དེ་འདྲའི་བསམ་ཚུལ་དེ་ནི་ཁྱོད་ཚོའི་ནོར་འཁྲུལ་རེད། དཔེར་ན་མི་བཅུའི་མགོ་ལ་དབྱུག་པས་བཅུ་གཞུས་ན་ཚང་མས་ངའི་མགོ་ན་གི་ཟེར་གི་རེད་མ་གཏོགས་ངའི་རྐང་བ་ན་གི་ཟེར་གི་མ་རེད། དེ་བཞིན་ང་ཚོ་བོད་མི་ཡོངས་ཀྱི་སེམས་ན་གཅིག་མཚུངས་ཀྱི་སྡུག་བསྔལ་ཡོད་པར་བརྟེན། ཚང་མའི་སེམས་ཀྱི་དཀའ་སྡུག་དེ་ཁ་ནས་གཅིག་མཚུངས་སུ་ཐོན་བཞིན་ཡོད་པ་ཙམ་ལས། ང་ཚོར་དམིགས་བསལ་གྱི་སྒྲིག་འཛུགས་མེད་ཅེས་སོགས་ལན་བཏབས་པ་ཡིན། མདོར་ན། ཁོང་ཚོས་ཉེས་འཛུགས་བྱས་པ་རྣམས་ལས་འཇིགས་བྲལ་གློག་བརྙན་སྐོར་ང་ཚོ་བོད་མིའི་སེམས་གཏིང་གི་དངོས་ཡོད་གནས་ཚུལ་གང་ཡིན་ཕྱི་ཕྱོགས་ནས་གསལ་རྟོགས་འབྱུང་ཕྱིར་ང་ཚོས་མང་ཚོགས་ལ་བཅར་འདྲི་སོགས་བྱས་ཏེ། བཟོས་པ་བདག་གིས་ངོས་ལེན་བྱས་པ་ཡིན། དེ་མཚུངས་༸གོང་ས་མཆོག་གི་བཀའ་སློབ་ཁག་གཅིག་དང་། དབུ་མའི་ལམ་གྱི་སྐོར་དང་། སྲིད་དོན་རྒྱལ་རབས་སོགས་བདག་གིས་འགྲེམས་སྤེལ་བྱས་རབས་ངོས་ལེན་བྱས་པ་ཡིན། གཞན་༸གོང་ས་མཆོག་ལ་མཚན་སྨད་དང་། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་དྲག་རྒོལ་ཡིན་ཚུལ་དང་། ཕྱི་ཕྱོགས་ཀྱིས་བརྒྱུད་བསྐུལ་དང་། དངུལ་དངོས་ཀྱིས་བསླུ་བྲིད་དབང་གིས་ཡིན་ཚུལ་ཟེར་བ་སོགས་བདག་གིས་ངོས་ལེན་བྱེད་མ་ཐུབ་པའི་རིགས་རེད།
ཁ༽ ཕྱི་ལོ་ ༢༠༠༩ ལོའི་བོད་ཟླ་ ༢ ཚེས་ ༡༦ ཉིན་སླར་ཡང་བསང་ཆུ་རྫོང་གི་ཉེན་རྟོག་པས་ང་འཛིན་བཟུང་ཐེངས་གཉིས་པ་བྱས་ཏེ། ཟླ་ ༣ དང་ཉིན་ ༡༥ ཙམ་ལ་བཀག་ཉར་བྱས་པ་དང་། སྐབས་དེར་ཁོ་པ་ཚོས་ང་ལ་ཉེས་འཛུགས་གཙོ་བོ་ནི་རྒྱལ་ཁབ་ཀྱི་གསང་བ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ལ་ཕྱིར་བསྒྲགས་བྱས་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་གྱིས་གཙོས་བོད་ས་ཡོངས་རྫོགས་ན་ཕྱི་ལོ་ ༢༠༠༩ ལོར་ད་དུང་དྲག་གནོན་བྱེད་བཞིན་འདུག་ཅེས་བཤད་ཡོད་ཟེར། བདག་གིས་ཀྱང་དེ་ལྟར་ངས་བཤད་ཡོད། དེ་བདེན་པ་རེད། རྒྱལ་སྲུང་དམག་དཔུང་གིས་མེ་མདའ་བཟུང་། ལྕགས་ཁྲབ་འཁོར་ལོ་བསྐོར་ནས་འཇིགས་སྐུལ་བྱེད་བཞིན་པ་འདི་དག་དྲག་གནོན་མིན་ན་ཅི་རེད། ངས་བདེན་པ་བཤད་ཡོད་ཅེས་སོགས་བཤད་པ་ཡིན། འོན་ཀྱང་སྐབས་དེར་ཁོང་ཚོས་བདག་ལ་དབྱུག་པ་དང་། རྡོག་རྒྱག་མང་པོ་བཏང་སོང་བ་ལས། ལོ་སྔོན་མ་ལྟར་ཧ་ཅང་མནར་གཅོད་རྡུང་རྡེག་ཚབས་ཆེན་བཏང་མ་སོང་།
ག༽ ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༩ ཚེས་ ༢༢ ཉིན་སླར་ཡང་བསང་ཆུ་རྫོང་གི་ཉེན་རྟོག་པས་ང་འཛིན་བཟུང་བྱས་ཏེ། བསང་ཆུ་རྫོང་གི་ཐག་ཉེ་ན་༼བང་དཀར་ཐང་༽མངག་གཏོང་ཁང་ཟེར་བ་ཞིག་ཡོད་པ་དེར་ཁྲིད་སོང་བ་དང་། སྐབས་དེར་ང་ལ་ཉེས་འཛུགས་ཀྱི་གཙོ་བོ་ནི་བོད་ས་ཡོངས་རྫོགས་ལ་མེ་བསྲེགས་དོན་རྐྱེན་གྱི་བཀོད་འདོམས་པ་ཁྱོད་རེད་ཟེར་བ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་རབས་དང་། སླར་ཡང་དེའི་སྔོན་འཇིགས་བྲལ་གློག་བརྙན་བཟོས་པ་མ་འགྲིགས་རབས་སོགས་ཉེས་འཛུགས་གང་མང་ཞིག་བྱས་བྱུང་བ་དང་། བདག་གིས་ངས་རང་ཉིད་མེ་བསྲེགས་གཏོང་མི་ཐུབ་པར། མི་གཞན་ལ་ཁྱོད་མེ་བསྲེགས་ཐོངས་ཞེས་སྐུལ་སློང་ཇི་ལྟར་བྱེད་རྒྱུ་རེད་དམ། ཁྱོད་ཚོར་རྒྱུ་མཚན་མི་འདུག་ཅེས་སོགས་བཤད་ཀྱང་། ཁོ་པ་ཚོས་ང་ལ་རྡུང་རྡེག་རིགས་ཅི་ཡང་མ་བཏང་བར་མ་ཟད། ད་བར་ཀྲུང་གོ་རྒྱལ་ཁབ་ཁྱོད་ལ་བཀའ་དྲིན་ཆེ་ཡང་། ཁྱོད་ཀྱིས་བཀའ་དྲིན་ངོས་མ་ཟིན་རབས་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་གཞུང་གི་རྒྱལ་སྟོན་དུས་ཆེན་ཡིན་པ་དང་། དེ་ཚར་རྗེས་ཁོང་ཚོས་ཁྱོད་ལན་ཀྲོས་ཕན་ཆོད་ཀྱི་དམག་མིའི་སྨན་ཁང་ཞིག་ལ་ཁྲིད་དེ། ཁྱོད་ཀྱི་གཟུགས་པོ་ལ་ན་ཚ་ཡོད་མེད་བརྟགས་དཔྱད་ཆེད་ངེས་པར་འགྲོ་དགོས། གལ་ཏེ་ན་ཚ་ཡོད་ཚེ་ཁབ་རེ་རྒྱག་དགོས་སྲིད་པ་རེད་ཅེས་སོགས་ཟེར། བདག་གིས་ང་སྨན་ཁང་ལ་འགྲོ་དགོས་དོན་མེད་རབས་དང་། གལ་ཏེ་སོང་ཡང་དེ་འདྲའི་ས་ཆ་ཐག་རིང་གི་སྨན་ཁང་ནང་འགྲོ་དགོས་དོན་མེད་རབས་སོགས་བཤད་ཀྱང་། ཁོང་ཚོས་སྨན་ཁང་ལ་ངེས་པར་འགྲོ་དགོས་ཞེས་ཨུ་ཚུགས་བྱེད་སྟངས་དང་། ང་ཁོ་པ་ཚོའི་ལག་ནང་ཡོད་ཀྱང་རྡུང་རྡེག་སོགས་མེད་པར་འཇོག་སྟངས་དང་། ཁོ་པ་ཚོའི་ཚིག་ཟུར་སོགས་གང་ལ་བལྟས་ཀྱང་། ཁོ་ཚོས་དེའི་སྔོན་ནས་ང་གསད་རྒྱུའི་འཆར་གཞི་གཏན་འབེབས་བྱས་ཟིན་ཡོད་པ་དང་། གསོད་སྟངས་ཀྱང་ང་ལ་སྨན་ལོག་སྤྲད་དེ། གསད་རྒྱུའི་འཆར་གཞི་ཡོད་པ་ཚང་མ་ངས་ཤེས་སོང་། གཞན་སྐབས་དེར་ཁོང་ཚོས་ཁྱོད་ལ་མི་བསད་ཀྱི་ནག་ཉེས་ཡོད་རབས་སོགས་ཚིག་ཟུར་ཙམ་ཡང་གླེང་མ་སོང་།
དོན་ཚན་ལྔ་པ། རྐང་ལྕགས་ཕྱེས་ནས་བྲོས་བྱོལ་དང་། རང་ལུས་མེ་བསྲེགས་གཏང་དགོས་མིན་ནམ་སྙམ་པ་བཅས་ཀྱི་སྐོར།
ང་མངགས་གཏོང་ཁང་དེར་བཀག་ཉར་བྱས་ཡོད་སྐབས་ཁོ་པ་ཚོས་ང་གསད་འཆར་ཡོད་པ་ངས་ཤེས་རྟོགས་བྱུང་རྗེས་ནས། ཐབས་ཤེས་བྱུང་ན་ཕྱི་ལ་བྲོས་བྱོལ་དུ་འགྲོ་རྒྱུར་ངས་ཐག་བཅད་པ་ཡིན། ནམ་རྒྱུན་ཉེན་རྟོག་པ་མི་གཉིས་ཀྱིས་ང་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། དེ་བཞིན་ང་བཀག་ཉར་བྱེད་སའི་ཁང་པ་དེའི་ནང་ཉིན་མཚན་ཀུན་དུ་གློག་སྦར་འདུག
ང་ལ་ནམ་རྒྱུན་རྐང་ལྕགས་བརྒྱབ་ཡོད་པ་དང་། ནམ་རྒྱུན་ངས་ཕར་ཚུར་ལམ་ཁ་སྟབས་བདེ་ཇི་ཡོད་སོགས་ལ་ཅུང་ཟད་དོ་སྣང་བྱས་པ་ཡིན། ཕྱི་ལོགས་ཀྱི་རྒྱ་ར་ཆེན་པོ་ཞིག་ཡོད་པ་དེའི་སྒང་ལ་འབྱར་ཐུབ་སོང་ན། རྒྱབ་ནས་མར་ས་ལ་མཆོང་ཐུབ་ས་རེད། སྙམ་པ་ཞིག་འདུག ཉིན་གཅིག་ལྡེ་མིག་གི་བཟོ་ལྟ་ཡོད་པའི་རྡོ་ཞིག་རེག་པ་དང་། རྡོ་དེ་ལ་ངས་བདག་པོ་བརྒྱབ་པ་ཡིན། དེ་ནས་ཉིན་བཞི་དང་། ཉིན་ཞག་དགུ་ཙམ་རིང་ངས་ཟས་བཅད་བྱས་ཏེ། ཟླ་ ༩ ཚེས་ ༣༠ ཉིན་གྱི་དགོང་མོ་ང་འབྲོ་ཐབས་ཨེ་ཐོན་ལྟ་རྒྱུ་ཐག་བཅད་དེ། དེ་རིང་ང་ལ་རྩམ་པ་ཟ་འདོད་འདུག་ཅེས་བཤད་པར། ཁོ་པ་ཚོས་ང་ལ་རྩམ་པ་སྤྲད་སོང་བས། ངས་རྩམ་པ་ཆེན་པོ་ཞིག་བརྫུས་ནས་རྡོག་རྡོག་བྱས་ཏེ། རང་ཉིད་ཀྱི་ཉལ་ཆས་ཀྱི་འོག་ལ་སྦས་པ་དང་། སླར་ཡང་ཕྱི་དྲོ་ཡང་བསྐྱར་རྩམ་པ་ཞིག་བརྫིས་ནས་བསྐོངས་པ་ཡིན། ནམ་རྒྱུན་ང་ལ་ལྟ་རྟོག་བྱེད་མི་གཉིས་ཡོད་པའི་གཅིག་ཉིན་དེའི་དགོང་མོ་ཛ་དྲག་གི་ངང་དུ་གཞན་ཞིག་ལ་ཕྱིན་སོང་བ་དང་། ཉིན་དེའི་དགུང་མོའི་ཆུ་ཚོད་ ༨ ཐོག་ང་ཉལ་བཞག་པ་ཡིན། མཚན་གྱི་ཆུ་ཚོད་ ༡༢ ཙམ་ལ་ལྟ་རྟོག་པ་གཅིག་དེ་ཡང་གཉིད་སོང་།
དེ་ནས་བདག་གིས་རྐང་ལྕགས་དེ་གཏོར་ཐུབ་མིན་བལྟས་ཀྱང་། གཏོར་རྒྱུ་ལས་སླ་བོ་ཞིག་མ་རེད། དེའི་སྔོན་ཉར་བསྡད་པའི་རྡོ་དེའི་སྣེ་ཁས་རྐང་ལྕགས་ཀྱི་འཛེར་མ་སྐོར་ཨེ་ཐུབ་བལྟས་པར། སྐོར་ཐུབ་མ་སོང་། དེ་ནས་ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཤིག་ཞུས་ནས་རང་ཉིད་ཀྱི་ལག་པའི་མཐེ་བོང་གི་ཤ་ལྕགས་འཛེར་གྱི་གསེང་ལ་འགྲོར་བཅུག་སྟེ། གཅིག་བསྐོར་བར་ངའི་རྐང་ལྕགས་ཁ་ཕྱེས་སོང་། དེ་ནས་ངས་སོས་དལ་ངང་རང་གི་གོན་པ་རྣམས་གྱོན་རྗེས། ཁང་སྒོ་ཕྱེས་ཏེ། ཕྱི་ལ་ཐོན་ནས་ཁང་བ་རྗེས་མ་དེའི་ཟུར་བརྒྱུད་ནས་ཡོང་སྐབས་ཁང་བ་དེའི་ནང་ཉེན་རྟོག་པ་ཚོས་མ་ཅང་རྩེད་མོ་རྩེ་བཞིན་འདུག་པ་དང་། ཁོ་པ་ཚོའི་མགོ་ཡང་ངས་མཐོང་བཞིན་འདུག སྒོ་ཆེན་དེའི་སྒང་ལ་འགོ་ཨེ་ཐུབ་སྙམ་པའི་སེམས་ཁྲལ་ཞིག་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་སྐབས་དེར་སྒོ་ཆེན་དེ་ཡང་ཕྱེས་བཞག་འདུག་པས། མགྱོགས་པོར་སྒོ་ཆེན་ནས་ཕྱི་ལ་ཐོན་ཏེ། བྲོས་ནས་ཕྱིན་པ་ཡིན། དེ་ནས་ཟླ་གཉིས་ཙམ་རིང་ང་རི་བྲག་འདྲ་མིན་ནང་གབ་ཞོར་འགྲོ་ཞོར་བྱས་མཐར། ཟླ་ ༢ ཀྱི་རྗེས་གཞི་ནས་རྒྱ་དམར་སྲིད་གཞུང་གིས་ང་ལ་མི་བསད་པའི་ནག་ཉེས་ཡོད་རབས་དང་། སུ་ཞིག་གིས་ང་རྒྱ་དམར་གྱི་ཉེན་རྟོག་པ་ལ་རྩིས་སྤྲོད་བྱས་ཚེ། རྩིས་སྤྲོད་བྱེད་གླར་རྒྱ་སྒོར་ཁྲི་ ༢༠ སྤྲད་ངེས་ཡིན་རབས་སོགས་ཁྱབ་བསྒྲགས་བྱས་ཡོད་པ་ངས་ཤེས་རྟོགས་བྱུང་མ་ཐག་ང་ཧ་ལས་སོང་།
གང་ཡིན་ཞེ་ན། དེ་སྔོན་ང་རྒྱ་གཞུང་གི་ཉེན་རྟོག་པའི་ལག་ནང་ཡོད་སྐབས་ཁོ་པ་ཚོས་ང་ལ་མི་བསད་པའི་ནག་ཉེས་ཟེར་བ་ཞིག་རྩ་བ་ནས་བཙུག་མྱོང་མེད་པ་དང་གཅིག ང་རང་ཉིད་ཀྱིས་ཀྱང་མི་གསད་རྒྱུ་ཕར་བཞག མི་ཞིག་གསད་སྙམ་པའི་ཀུན་སློང་ཙམ་ཡང་སྐྱེས་མ་མྱོང་བ་གཉིས་བཅས་ལ་བརྟེན་ནས། དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་གནས་ཚུལ་རྫུན་མ་འདི་འདྲ་རེ་རྒྱ་གཞུང་གིས་ཁྱབ་བསྒྲགས་དགོས་དོན་གང་ཡིན་ནམ་སྙམ་ནས། དེ་ལ་དམིགས་བསལ་གྱིས་ངོ་རྒོལ་ཆེད་ཀན་སུ་ཞི་ཆེན་དང་། སི་ཁྲོན་ཞིང་ཆེན་གང་རུང་གི་ཉེན་རྟོག་ཁང་ཞིག་གི་སྒོ་འགྲམ་ལ་ཕྱིན་ནས་ངས་རང་ལུས་མེ་མཆོད་ཀྱིས་ཁོ་པ་ཚོར་སླར་ཡང་ངོ་རྒོལ་དགོས་པ་མིན་ནམ་སྙམ་ཡང་། ཞིབ་ཏུ་བསམ་བློ་བཏང་སྐབས། ཕལ་ཆེར་རྒྱ་ནག་ཉེན་རྟོག་པའི་ལག་ནང་ནས་ང་ཤོར་སོང་བར་བརྟེན། ཁོ་པ་ཚོ་ངོ་ཚ་སྟེ། བཤད་རྒྱུ་གཞན་མེད་པའི་སྐད་ཆ་མིན་ནམ། གལ་ཏེ་སླར་ཡང་ངས་རང་ལུས་མེ་མཆོད་ཕུལ་ན། ཁོ་པ་ཚོས་སླར་ཡང་ངའི་སེམས་ནང་དྲན་མ་མྱོང་བའི་གནས་ཚུལ་རྫུན་མ་ཞིག་ང་ལ་ཉེས་འཛུགས་བྱས་ཏེ། ང་ནག་པོ་བཟོ་ངེས་རེད་ལ། ངའི་ནུས་པ་ཡང་ཉིན་དེ་ནས་རྫོགས་འགྲོ་གི་རེད། དེ་ལས་མེ་མཆོད་མ་ཕུལ་བར་བསྡད་ན། གཅིག་ནས་རང་ཉིད་དཀར་འདོན་བྱེད་ཉིན་ཞིག་འཆར་སྲིད་པ་རེད་ལ། གཉིས་ནས་ད་དུང་མུ་མཐུད་ནས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་རང་ཉིད་ཀྱིས་ཀྱང་ཞབས་ཕྱི་གང་འཚམ་ཞུ་ཐུབ་ངེས་རེད་སྙམ་ནས་ངས་རང་ཉིད་ཀྱི་གཟུགས་པོ་མེ་བསྲེགས་ཀྱི་བསམ་ཚུལ་དེ་ལ་འགྱུར་བ་བཏང་བ་ཡིན།
དོན་ཚན་དྲུག་པ། དྲག་གནོན་འོག་ནས་བཙན་བྱོལ་དུ་ཕྱིན་པ་དང་། འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ།
དེ་ནས་ལོ་ ༡ དང་ཟླ་ ༨ ཙམ་རིང་ང་བོད་ནང་གི་རི་ཆུ་ནགས་གསུམ་འདྲ་མིན་ནང་གབ་ནས་བསྡད་པ་དང་། ད་དུང་རྒྱ་དམར་གྱི་དྲག་གནོན་དང་། དཀའ་སྡུག་ཚད་མེད་པའི་འོག་མུ་མཐུད་ནས་མི་ཚེ་འཁྱོལ་ཐབས་དཀའ་བར་བསམས་ནས། འགྲོ་སོང་གི་དཀའ་ངལ་ཧ་ཅང་ཆེ་ཡང་། དཔལ་འབྱོར་གྱིས་འགྲོ་སོང་ཕོན་ཆེན་པོ་བཏང་ནས་ད་ཐེངས་བདག་བཙན་བྱོལ་དུ་ཡོང་བ་ཡིན། འགྲོ་སོང་ཧ་ཅང་ཆེན་པོ་གཏང་དགོས་བྱུང་མོད། འགྲོ་སོང་ཇི་ལྟར་བཏང་མིན་དང་། ལམ་ཁ་གང་ནས་ཡོང་བའི་སྐོར་དང་། ཇི་ལྟར་ཡོང་མིན་བཅས་དེ་རིང་འདིར་གསལ་བཤད་བྱེད་བདེ་མ་མཆིས་ཀྱང་། ཁྱེད་ཚོས་རིམ་བཞིན་མཁྱེན་རྟོགས་ཡོང་ངེས་རེད།
དེ་རིང་བདག་གིས་གོ་སྐབས་འདི་བརྒྱུད་དེ། དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ནི། ད་བར་བདག་སྲོག་གི་ཉེན་ཁ་ལས་སྐྱོབ་ཆེད་དང་། རྒྱ་དམར་གྱི་དྲག་གནོན་འོག་ནས་ཕྱི་ལ་ཐར་ཐབས་སོགས་སུ་རྒྱབ་སྐྱོར་གྱི་ལས་འགུལ་རིགས་སྣ་ཚོགས་སྤེལ་ཏེ། བདག་ལ་བརྩེ་བ་གནང་མཁན་གཞུང་དང་། ཚོགས་པ། སྒེར་བ་ཇི་སྙེད་ཅིག་བྱུང་འདུག་པ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བཞིན་ཡོད།
དོན་ཚན་བདུན་པ། རང་ཉིད་ཀྱི་སེམས་གཏིང་ན་ཡོད་པའི་རེ་བསྐུལ་དོན་ཚན་བཞི།
ཀ༽ འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་ཁག་ལ་རེ་བསྐུལ་ཞུ་རྒྱུ། ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་འདི་ད་བར་འཛམ་གླིང་གི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་ཆགས་བཞིན་པ་དང་། བོད་མི་མང་གིས་འཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་ཇི་སྤེལ་སོགས་ཚང་མས་ཤེས་གསལ་ལྟར། ད་བར་རྒྱལ་ཁབ་ཁག་གི་སྲིད་གཞུང་སོ་སོའི་ངོས་ནས་རྒྱབ་སྐྱོར་གྱི་ནུས་པ་ཚད་ལྡན་ཐོན་མེད་པར་བསམ་ན་བློ་ཕམ་འབྱུང་བཞིན་འདུག འོན་ཀྱང་དེང་གི་དུས་སྐབས་འདི་འཛམ་གླིང་གོ་ལ་ཧྲིལ་བོར་དཔལ་འབྱོར་གྱིས་ཁ་ལོ་སྒྱུར་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། གལ་ཏེ་འཛམ་གླིང་འདིར་དྲང་བདེན་ཟེར་བ་དེ་ད་དུང་མུ་མཐུད་ནུས་སྟོབས་ཇེ་ཆུང་དུ་སོང་ན། དཔལ་འབྱོར་འགྲན་རྩོད་ཁོ་ནས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་གཏན་ནས་མི་ཐུབ་པར་མ་ཟད། རྒྱ་གཞུང་གི་དྲག་གནོག་འོག་ན་ཡོད་པའི་ངེད་ཅག་ཉམ་ཆུང་བོད་མི་རིགས་ཀྱིས་ཁྱེད་ཅག་ལ་ཁ་ཕྱོགས་ནས་བདེན་པའི་རྒྱབ་སྐྱོར་འབྱུང་བའི་རེ་སྒུག་བྱས་དང་བྱེད་བཞིན་པ་ལྟར། འཛམ་གླིང་སྤྱིའི་བདེན་དོན་དང་། བྱེ་བྲག་ཉམ་ཐག་བོད་མིའི་བདེན་པའི་འབོད་སྒྲ་དེ་ནག་བསུབ་ཏུ་འགྲོར་མི་འཇུག་པར་སྐུ་མཁྱེན།
ཁ༽ བདག་གི་གྲོགས་པོ་དོན་གྲུབ་དབང་ཆེན་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་པའི་དུས་ཡུན་འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༥ ཉིན་རྫོགས་ཀྱི་ཡོད་ཀྱང་། རྒྱ་དམར་སྲིད་གཞུང་གིས་སླར་ཡང་ཁོང་ལ་མ་ཉེས་ཁག་གཡོགས་སོགས་ཀྱིས་ཁོང་གི་ཁྲིམས་ཆད་དུས་ཡུན་འཕར་འགྱངས་གཏང་མི་སྲིད་པ་མིན་ཕྱིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ། དོན་གྲུབ་དབང་ཆེན་གྱི་ཁྲིམས་ཆད་དུས་ཡུན་འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༥ ཉིན་རྫོགས་ཀྱི་ཡོད་པ་ལྟར། དུས་ཐོག་ཏུ་ཁོང་གློད་བཀྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་ཡོང་བའི་རེ་བསྐུལ་ཞུ་བཞིན་ཡོད།
ག༽ རྒྱ་ནག་དམར་གཞུང་གིས་ཁྱབ་བསྒྲགས་རྫུན་མ་འདྲ་མིན་ཇི་ལྟར་བྱས་མིན་ལ་མ་ལྟོས་པར། ཨ་རི་དང་ཡུ་རོབས་སོགས་ཀྱིས་གཙོས་འཛམ་གླིང་རྒྱ་ཆེའི་མང་ཚོགས་ཕལ་ཆེ་བས་ད་བར་ལོ་མང་རིང་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ལོ་ཤས་སྔོན་ནས་རྒྱ་དམར་སྲིད་གཞུང་གི་དངུལ་དངོས་བསླུ་བྲིད་ཀྱི་མགོ་སྐོར་འོག་ཚུད་ཅིང་། རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་གྱུར་བའི་མིང་དོན་མི་མཚུངས་བའི་བོད་མི་རེ་ཟུང་གིས་གདོན་འདྲེ་དོལ་རྒྱལ་ཟེར་བ་ཁ་ལ་ཁྱེར་ནས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོས་དད་རང་དབང་སྤྲད་ཀྱི་མི་འདུག་ཟེར་བ་སོགས་ལོག་བཤད་དང་། རྫུན་གཏམ་གང་མང་སྤེལ་བར་མ་ཟད། མི་ངན་དེའི་རིགས་ཀྱིས་ནུབ་ཕྱོགས་ཀྱི་མགོ་སེར་པོའི་མི་རེ་ཟུང་མགོ་སྐོར་བསླུ་བྲིད་ཀྱིས་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་བཅུག་པ་སོགས་དོན་ལ་རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་གྱུར་པ་དེ་རིགས་མཐོང་སྐབས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་བློ་ཕམ་ཆེན་པོ་འབྱུང་བཞིན་འདུག་ན། སླད་ནས་ནུབ་ཕྱོགས་ཡར་ཐོན་ཅན་གྱི་མང་ཚོགས་རྣམས་ཀྱིས་རང་ཉིད་རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་ཀྱི་ལག་ཆར་འགྱུར་མི་འཇུག་པ་དང་། བོད་མི་རིགས་ལ་དཀའ་སྡུག་གཉན་འཕྲང་ཆེན་པོ་འབྱུང་བཞིན་པའི་དུས་སྐབས་འདིར་བོད་མིའི་བདེན་དོན་ལ་ཁྱད་གསོད་རིགས་མི་གནང་བའི་རེ་བསྐུལ་ཞུ་བཞིན་ཡོད།
ང༽ གུས་པ་རང་ཉིད་ཀྱི་མི་ཚེ་འདིའི་རིང་བོད་མི་རིགས་ཀྱི་བདེན་དོན་དང་། འགྲོ་བ་མི་སྤྱི་ཡོངས་ཀྱི་རང་དབང་དྲང་བདེན་སྲུང་སྐྱོབ། འཛམ་གླིང་སྤྱི་དང་། བྱེ་བྲག་བོད་ཀྱི་སྐད་ཡིག་གིས་གཙོས་ཆོས་དང་རིག་གནས་ཉམས་པ་སླར་གསོ་འབྱུང་ཐབས་དང་། ཁོར་ཡུག་སྲུང་སྐྱོབ་དང་། འཕྲོད་བསྟེན་སོགས་ཡར་རྒྱས་ཆེད་དང་། འགྲོ་བ་མིའི་ཐོབ་ཐང་སོགས་མུ་མཐུད་ཡར་རྒྱས་གོང་འཕེལ་འབྱུང་ཐབས་སོགས། མདོར་ན། སྤྱི་ཚོགས་ཞབས་ཕྱིའི་ལས་ཀ་གང་ནུས་རེ་ཡུལ་དུས་གནས་སྐབས་ལ་བསྟུན་ནས་རང་ནུས་གང་ཡོད་བཏོན་ཏེ་ལས་ཀ་བྱེད་འཆར་ཡོད་ན། འཛམ་གླིང་གི་གཞུང་སྒེར་ཚང་མས་གུས་པར་མཐུན་འགྱུར་རྒྱབ་སྐྱོར་འབྱུང་བའི་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། དེ་ལྟར་གཞུང་སྒེར་ཚང་མས་མཐུན་འགྱུར་བརྩེ་གཟིགས་གནང་སྐྱོང་ཡོང་བར་སྐུ་མཁྱེན། ཞེས་མགོ་ལོག་འཇིགས་མེད་ཀྱིས་ཕྱི་ལོ་༢༠༡༤ ལོའི་ཟླ་ ༥ ཚེས་ ༢༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ། ཞེས་སྒྲོགས་སྦྱང་གནང་གྲུབ་མཚམས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐངདང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསུང་བཤད་དང་། དེ་ནས་མགོ་ལོག་འཇིགས་མེད་ལགས་ཀྱིས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་གསར་འགོད་གསལ་བསྒྲགས་གྲོལ། །
འཇིགས་བྲལ་གློག་བརྙན་གཟིགས་ཆེད་འདིར་གནོན།