༢༠༡༤ ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༢ ཉིན་ཨོ་རི་ས་Odisha མངའ་སྡེའི་ནང་མཚོ་རླུང་དྲག་པོ་ཕེ་ལིན་ཞེས་པ་Phailin བརྒྱབ་ནས་མངའ་སྡེའི་གྷ་ཇ་པ་ཏི་རྫོང་Gajapati district དུ་གནས་སྡོད་ཕུན་ཚོགས་གླིང་བཙན་བྱོལ་བོད་མིའི་གཞིས་ཆགས་ཀྱི་སྟོན་འབྲས་རྣམས་ལ་གོད་ཆག་ཤུགས་ཆེ་ཕོག་པ་མ་ཟད། ས་གནས་རྒྱ་གར་གྱི་སོ་ནམ་སྡེ་ཚན་ལས་ཁུངས་ཀྱིས་སྙན་ཐོ་སྟོན་པ་ལྟར་ན་སྟོན་འབྲས་བརྒྱ་ཆ་ ༩༠།༩༥ ཙམ་ལ་གནོད་སྐྱོན་ཕོག་ཡོད། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཕྱི་རྒྱལ་རོགས་ཚོགས་ཁག་དང་། སྐུ་ཚབ་དོན་གཅོད་ལས་ཁུངས།
དེ་བཞིན་བོད་རིགས་ཚོགས་པ། རྒྱ་བལ་འབྲུག་གསུམ་ནང་དུ་བོད་མིའི་མཉམ་སྦྲེལ་སྒྲིག་འཛུགས་ཁག་དང་གཞིས་ཆགས་སོགས་ལ་ངལ་སེལ་ཆེད་འབོད་སྐུལ་གང་ཐུབ་ཞུས་འབྲས་སུ་མཚོ་རླུང་གི་གོད་ཆག་ཕོག་པའི་བོད་མི་ཞིང་པ་རྣམས་དཀའ་ངལ་ལས་གྲོལ་ཐུབ་པ་བྱུང་ཡོད། དེ་ཡང་ནང་སྲིད་ལས་ཁུངས་ཀྱིས་འབོད་སྐུལ་ཞུ་འབྲས་སུ་རོགས་དངུལ་ཧིན་སྒོར་ ༢༤༥ ༡༡ ༧༨༣.༩༥ བྱུང་ཡོད་པ་ནས་ཧིན་སྒོར་ ༢༢༩ ༨༣ ༦༠༨.༩༥ ཕྱི་རྒྱལ་ནས་བྱུང་བ་དང་། ལྷག་མ་ཧིན་སྒོར་ ༡ ༥༢༨ ༡༧༥ རྒྱ་གར་བོད་མིའི་གཞིས་ཆགས་ནས་ད་བར་ལག་སོན་བྱུང་ཡོད། ཐེངས་འདིར་ནང་སྲིད་ལས་ཁུངས་ཀྱིས་གོ་སྐབས་དང་བསྟུན་དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་འདིར་བོད་རིགས་སྤུན་ཟླ་ནང་ཁུལ་ཤ་ཁྲག་གཅིག་པའི་འདུ་ཤེས་འཛིན་ཏེ་རོགས་རམ་གནང་མཁན་ཚང་མར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༦ ཉིན་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་དྲུང་འཕར་འཆི་མེད་རིག་འཛིན་རྣམ་གཉིས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་ནས་ངལ་སེལ་དངུལ་དངོས་བགོས་འགྲེམས་ཚད་ལྡན་ཡོང་སླད་གཟིགས་ཞིབ་གནང་ཡོད།