༢༠༡༤ ཟླ་ ༤ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ (SARD) གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དབུ་བཞུགས་ཐོག ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སློབ་སྟོན་པ་དྲུག་རྡ་སར་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཟུང་དྲུང་དང་དྲུང་འཕར། དེ་བཞིན་དྲུང་ཆེ་བཅས་ལ་འཛིན་སྐྱོང་འགྲོ་ལུགས་ཐོག་ཟབ་སྦྱོང་དབུ་འཛུགས་གནང་ཡོད། དེ་ཡང་ཐོག་མར་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷོལ་ཛ་ནོར་རྟེན་བྱས་པའི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་ (European academy of Bozen/Bolzano) གི་འགན་འཛིན་སྐུ་ཞབས་གྷུན་ཐར་ཀོ་ལོ་ན་ (Dr.Gunther Cologna) ལགས་ཀྱིས་ཟབ་ཁྲིད་པ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཟབ་སྦྱོང་གནང་ཕྱོགས་སྐོར་ངོ་སྤྲོད་གནང་གྲུབ་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
ཐོག་མར་ངས་སྐུ་མགྲོན་རྣམ་པ་དང་མཁས་དབང་རྣམ་པ་ལྷན་རྒྱས་རྡ་སར་ཕེབས་པར་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག སྐུ་ཞབས་གྷུན་ཐར་ལགས་ནས་འགོ་ཁྲིད་ཟབ་སྦྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ང་ཚོ་མང་ཆེ་བས་སྐུ་ཞབས་གྷུན་ཐར་ལགས་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། ཁོང་གིས་ཤེས་ཡོན་བསྟི་གནས་ཁང་འདི་བརྒྱུད་ལྷོ་ཊི་རོལ་གྱི་ཆབ་སྲིད་པ་དང་འཛིན་སྐྱོང་ལས་བྱེད་རྣམ་པར་ཟབ་སྦྱོང་གནང་བཞིན་ཡོད། སྐུ་ཞབས་གྷུན་ཐར་ལགས་ནས་ཁ་ཞེ་གཉིས་མེད་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པ་དེར་བཀའ་དྲིན་རྗེ་དྲན་ཞུ་རྒྱུ་ཡིན། ཁོང་ནི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ཙམ་མ་ཟད་སྙན་གྲགས་ཅན་གྱི་མི་ཞིག་ཀྱང་ཡིན། ཁོང་གིས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་དཔེ་དེབ་ཅིག་ཇར་མན་གྱི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་ཡོད། ཁོང་རང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཡང་སེ་མཇལ་རྒྱུ་ཡོད། ང་ཚོས་ཡིད་ཆེས་འོས་པ་དང་། སྙན་གྲགས་ཅན། རྩོམ་པ་པོ་ཁོང་ལྟ་བུ་དང་གྲོགས་པོ་བྱེད་རྒྱུ་བྱུང་བར་ཧ་ཅང་བསོད་ནམས་ཆེན་པོ་ཡིན། ཁོང་ནི་ཡུན་རིང་ནས་བོད་ཀྱི་གྲོགས་པོ་ཞིག་ཡིན། ལྷོ་ཊི་རོལ་ནི་ཡུན་རིང་ནས་བོད་ཀྱི་གྲོགས་པོ་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་རང་སྐྱོང་མངའ་ཁུལ་ཞིག་ཆགས་ཡོད།
དེ་སྔོན་ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཡི་སི་ཌུན་ཝལ་ཌར་ (Luis Durnwalder) མཆོག་གི་ཚབ་ཏུ་སྲིད་འཛིན་གསར་པ་སྐུ་ཞབས་ཨར་ནོ་ཀོམ་པེ་སི་ཆར་ (Arno Kompatscher) མཆོག་འོས་འདེམས་བྱུང་སྐབས། སྐུ་ཞབས་གྷུན་ཐར་ཀོ་ལོ་ན་ལགས་ཀྱིས་ངར་མགྲོན་འབོད་གནང་སྟེ་སྲིད་འཛིན་གསར་རྙིང་གཉིས་དང་མཇལ་འཕྲད་ཞུ་རྒྱུ་བྱུང་། སྐབས་དེར་སྲིད་འཛིན་གསར་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་བྱུང་། ལྷོ་ཊི་རོལ་ངོས་ནས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་བཀོད་སྒྲིག་བྱེད་སྟངས་དང་རང་སྐྱོང་གི་གནད་དོན་སྐོར་སོགས་ལ་ཟབ་སྦྱོང་གནང་ཡོད། དེར་བརྟེན་རང་སྐྱོང་གི་གནས་བབ་སྐོར་ལ་མཚོན་ན་ལྷོ་ཊི་རོལ་གྱིས་བོད་མིའི་སྒྲིག་འཛུགས་ལ་ཕན་གྲོགས་ཧ་ཅང་གནང་ཡོད། ཐེངས་འདིར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་རང་སྐྱོང་སྐོར་ལ་ཟབ་སྦྱོང་ཐེངས་དང་པོ་གོ་སྒྲིག་ཞུ་བཞིན་པ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་ལྷན། ཟབ་ཁྲིད་པ་ཡོངས་ནས་དུས་ཚོད་བཏོན་སྟེ་ས་ཐག་རིང་པོ་ནས་ཕེབས་པར་ཐུགས་རྗེ་ཆེ་ཞུས་ཡོད།
ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་འདི་བཞིན་ཨི་ཊ་ལིའི་ལྷོ་ཊི་རོལ་གྱི་རང་སྐྱོང་མངའ་ཁུལ་ནང་རྟེན་གཞི་བྱས་པའི་(European academy of Bozen/Bolzanao) ཞེས་པའི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག ཟབ་ཁྲིད་གནང་མཁན་ཁོངས་སུ་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་གྷུན་ཐར་ (Dr.Gunther Cologna) ལགས་དང་། ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་གྱི་ཉམས་ཞིབ་པ་སྐུ་ཞབས་སིར་གྷུ་ཀོན་སི་ཏེན་ཊིན་ (Mag.Sergiu Constantin) ལགས། ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་གི་སྤྱི་མཐུན་སྲིད་གཞུང་ལམ་ལུགས་དང་ས་གནས་ལམ་ལུགས་སྐོར་གྱི་ཉམས་ཞིབ་པ་རྒན་པ་སྐུ་ཞབས་ཀལ་ཀོ་སི་ལར་ (Dr.Mag.Karl Kossler ) ལགས།
དེ་བཞིན་སྐུ་ཞབས་ཀོ་ལོ་སི་གྷེ་ལར་(Klaus Galler) ལགས། ལྕམ་སྐུ་གྷེབ་རེ་ལི་ཧ་རར་(Gabriele Harrer)ལགས། ལྕམ་སྐུ་བྷེན་ཀ་ཨེན་དྷར་(Bianca Ender)ལགས་བཅས་ཡིན་འདུག ཟབ་སྦྱོང་རིང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལུགས། ས་གནས་རང་སྐྱོང་སྐོར། སྤྱིར་བཏང་འཛིན་སྐྱོང་དང་འགོ་ཁྲིད། དེ་བཞིན་འཛིན་སྐྱོང་འགྲོ་ལུགས་དང་འབྲེལ་བའི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག