༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་དུ་སྐྱ་བོ་ན་གཞོན་ཚོས་ཀྱང་རབ་བྱུང་པ་དང་གཅིག་མཚུངས་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པའི་དགོངས་དོན་ཐོག དེང་དུས་མཐོ་སློབ་ཐོན་པའི་བོད་མི་གཞོན་སྐྱེས་རྣམས་ནས་བོད་ཀྱི་སྐད་ཡིག་དང་བོད་བརྒྱུད་ནང་དོན་རིག་པའི་སྐོར་རྒྱུས་མངའ་ཤེས་རྟོགས་ལེགས་པར་ཡོད་དགོས་པ་ནི་སྤྱི་སྒེར་ཡོངས་ལ་གལ་ཆེ་ལ་སོང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་ཟུང་འབྲེལ་ཐོག དགོན་པ་དེའི་ཁྱབ་ཁོངས་གངས་ཅན་རིག་གནས་སློབ་གྲྭ་རུ། དེང་དུས་མཐོ་སློབ་ཐོན་པའི་སློབ་ཕྲུག་ ༣༢ ལ་དམིགས་ནས་ཕྱི་ལོ་ ༢༠༡༤ ཟླ་༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་ཟླ་བ་དྲུག་རིང་༼བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་༽ཅེས་པའི་ལས་རིམ་ཞིག་གོ་སྒྲིག་བྱ་རྒྱ་ཐུགས་གཏན་འཁེལ་བ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ འཁོད་ས་གནས་འགོ་འཛིན་སོགས་ཀྱི་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྔོན་དུ་བཏང་ཡོད།
ད་ལྟའང་ས་མིག་ལྷག་མ་ཡོ་ད་པ་དང་། ཕྱི་ཟླ་ ༥ པའི་ནང་ལོ་འདིའི་ཡིག་རྒྱུགས་ཟིན་པའི་སློབ་ཕྲུག་མང་པོ་ཡོད་པ། དེ་བཞིན་ལས་རིམ་འདི་ཉིད་གལ་ཆེ་དོན་ཆེར་བརྩིས་ནས་གསར་གཏོད་བྱས་པ་བཅས་ལ་བརྟེན། འགེངས་ཤོག་འབུལ་རྒྱུའི་དུས་བཀག་དེ་ཉིད་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༡ བར་ཕར་འགྱངས་ཞུས་པ་ལགས་ན། སློབ་སྦྱོང་ལས་རིམ་འདིའི་ནང་དུ་འཛུལ་འདོད་ཡོད་པའི་སློབ་ཕྲུག་རྣམས་ནས་གཤམ་གསལ་དོན་ཚན་རྣམས་ལ་ཐུགས་ཞིབ་ཀྱིས། མཉམ་སྦྱར་འགེངས་ཤོག་ཞིབ་བཀང་རྗེས་དུས་བཀག་གསར་པ་ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་ངེས་འབྱོར་ཐུབ་པ་གནང་དགོས་པས་དེ་དོན་དགོངས་འཇགས་ཞུ།
༡༽ ཚུགས་ཡུལ་དང་། ཟབ་ཁྲིད་དུས་ཡུན། རྒྱ་གར་ལྷོ་ཕྱོགས་ཧུན་སུར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར།།
༢༽ ལམ་གྲོན་དང་བཞུགས་གནས། ལམ་གྲོན་དང་། བཞུགས་གནས། བཞེས་ལག་བཅས་ཀྱི་མཐུན་འགྱུར་ཆ་ཚང་ཡོད།
༣༽ ས་མིག ཁྱོན་སློབ་ཕྲུག ༣༢ བཞེས་རྒྱུ། དེ་ཡང་སྙན་ཞུ་འབྱོར་སྔ་རིམ་བཞིན་འདེམས་རྒྱུ།།
༤༽ སློབ་ཚན་རིའུ་མིག
ཨང༌། | གནས་རིམ། | ས་མིག་གྲངས། |
༡། | སྐད་ཡིག |
༡། སུམ་རྟགས། ལེགས་བཤད་ལྗོན་དབང་དང་། དཀའ་གནད་སེལ་བའི་མེ་ལོང་། ༢། སྙན་ངག ལེའུ་བར་པ་ལས་དཔེ་རྒྱན་དང་གཟུགས་རྒྱན་གང་འགྲོ ༣། དག་ཡིག ས་མཐའི་རྣམ་གཞག་དང་བྱིས་པ་དག་ཡིག ༤། རྩོམ་བྲིས། ཡིག་བསྐུར་རྣམ་གཞག་དང་རྩོམ་ཡིག་འབྲི་སྟངས། |
༢། | སྔོན་འགྲོ |
༡། གྲུབ་མཐའ། གྲུབ་མཐའ་བཞིའི་རྣམ་གཞག་ངོ་སྤྲོད། ༢། ཆོས་འབྱུང་། སྤྱིར་དམ་པའི་ཆོས་འབྱུང་ཚུལ་དང་། བྱེ་བྲག་བོད་དུ་ནང་བསྟན་དར་ཚུལ་ངོ་སྤྲོད་མདོར་བསྡུས།། |
༣། | ཚད་མ། |
༡། བློ་རིག སེམས་དང་སེམས་བྱུང་སྐོར། ༢། རྟགས་རིག ཚུལ་གསུམ་ངོ་སྤྲོད། ༣། རྣམ་འགྲེལ་ལེའུ་གཉིས་པ། སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིག་པ་དང་། སྟོན་པ་ཚད་མར་སྒྲུབ་པའི་རིག་པའི་སྐོར། |
༤། | ཕར་ཕྱིན། |
༡། སྐྱབས་གསུམ་ངོ་སྤྲོད། ༼བྱུང་ན་རྒྱུད་བླ་མའི་ལེའུ་དང་པོ་གང་ཐུབ་ཁྲིད་རྒྱུ།༽ ༢། བདེན་བཞི་བདེན་གཉིས་སྐོར། ༣། ས་བཅུ་ལམ་ལྔ། ༼བྱུང་ན་མངོན་རྟགས་རྒྱན་གྱི་ལེའུ་དང་པོ་གང་ཐུབ་ཁྲིད་རྒྱུ།༽ |
༥། | དབུ་མ། |
༡། གྲུབ་མཐའ། དབུ་སེམས་གཉིས་ཀྱི་ལྟ་བའི་ངོ་སྤྲོད་དང་། ཐལ་རང་གཉིས་ཀྱི་ལྟ་བའི་ཁྱད་པར་རྒྱས་པ། ༢། བདག་མེད། སྟོང་ཉིད། རྟེན་འབྲེལ་གྱི་རྣམ་གཞག་ངོ་སྤྲོད་རྒྱས་པ། |
༦། | མཛོད། |
མཛོད་གནས་གསུམ་པ།། ༼སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། ཁམས་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས། |
༧། | སྔགས། |
ས་ལམ་རྣམ་གཞག་ངོ་སྤྲོད་མདོར་བསྡུས་དང་། མདོ་སྔགས་གཉིས་ཀྱི་ཁྱད་པར་སྐོར། |
༨། | དམིགས་བསལ། |
སློབ་དུས་བར་སྐབས་སུ་རིས་མེད་ཐོག་ཕྱི་ནས་མི་སན་མཁས་དབང་རིགས་གདན་འདརེན་ཞུས་ཏེ་གསུང་བཤད་དང་བགྲོ་གླེང་གི་ལས་རིམ་གང་མང་སྤེལ་རྒྱུ། |
༥༽ རྒྱུགས་སྤྲོད་དང་ལག་འཁྱེར།
སློབ་ཁྲིད་ཟིན་མཚམས་སློབ་ཚན་སོ་སོར་ངག་རྒྱུངས་དང་འབྲི་རྒྱུགས་སོགས་གཏོང་བའི་ཐོག་ནས་གྲུབ་འབྲས་ཡང་ཤོག་དང་སྦྲགས་བསླབ་པ་མཐར་སོན་གྱི་ལག་འཁྱེར་སྤྲོད་རྒྱུ།།
༦༽ དགོས་ངེས་ཆ་རྐྱེན།
༡༽ མཐོ་རིམ་སློབ་གྲྭ་མཐར་སོན་པ་དང་།
༢༽འཛིན་རིམ་བཅུ་གཉིས་བར་བོད་ཡིག་སྦྱང་མྱོང་བ། ཡང་ན་བོད་ཡིག་ཤེས་ཚད་
གང་འཚམས་ཡོད་པ།
༣༽ ལས་རིམ་འདིའི་ཁོངས་སུ་ཞུགས་རྗེས་སླབ་དུས་མ་རྫོགས་བར་སློབ་གྲྭར་བཞུགས་ཐུབ་
མཁན་ཡིན་པ་བཅས།།
༧༽ སྙན་ཞུ་འབུལ་ཚེས་ཉིན་མཐའ་མ།
ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༡།།
༨༽སྙན་ཞུ་འབུལ་ཡུལ་ཁ་བྱང་།
The Secretary
Department of Religion and Culture, CTA
P.O. Dharamsala-176215, District Kangra, H.P.
Email: [email protected]
Phone: 01892-226737 / 222685
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣ ལ།། །།