༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ ཉིན་དབུ་མའི་ལམ་གྱི་མི་དམངས་ལས་འགུལ་ཁང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གསུམ་རིང་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་པ་ལྟར་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་ཀྱི་ཐང་ཆེན་དུ་དེེར་འདུས་མི་དམངས་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་འདུག
དེ་ཡང་ཐོག་མར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ལས་འགུལ་འདིའི་ཐོག་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ངས་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་བཏང་ཕྱི་ལོ་ ༡༩༧༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ཁྱོན་ཡོངས་ནས་བོད་དོན་བདེན་མཐའ་གསལ་རྒྱུར་འབྲེལ་མོལ་དང་གཉིས་སྨན་དབུ་མའི་བརྒྱུད་ནས་གསལ་རྒྱུ་དགོངས་པར་འཁྲུངས་པ་ནས་བཟུང་དབུ་འཛུགས་ཀྱིས་ཕྱི་ལོ་ ༡༩༨༧ ཞི་བའི་དོན་ཚན་ལྔ་དང་ཕྱི་ལོ་ ༡༩༨༨ ལོར་སི་ཊས་སི་སྦག་གི་བཀའ་སློབ། དེ་བཞིན་སྲིད་བྱུས་དེ་ཉིད་བཀའ་སྤྱི་གཉིས་ནས་གྲོས་ཚོགས་ནང་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཞིག་ཆགས་ཡོད། ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་པའི་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་ཐབས་བྱེད་རྒྱུར་ང་ཚོར་འགན་འཁྲི་ཆེན་པོ་ཞིག་ཡོད། མཚམས་རེ་ང་ཚོས་རང་བཙན་དང་དབུ་མའི་ལམ་ལ་བགྲོ་གླེང་བྱེད་སྐབས། དེ་རིང་རང་ལ་ཐག་གཅོད་དགོས་སྐོར་ལྟ་བུ་མཐོང་མཁན་དེ་འདྲ་ཡོང་གི་ཡོད། འོན་ཀྱང་ང་ཚོས་གཞིས་བཞུགས་བོད་མིའི་མངོན་འདོད་སྒྲུབ་ཐབས་ལ་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་གཞིར་བཟུང་ང་ཚོས་ལས་དོན་བསྒྲུབ་ཐུབ་ན། མ་འོངས་པར་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ང་ཚོར་འགྱོད་པ་མེད་པ་ཞིག་ཡོང་གི་རེད་མ་གཏོགས་བོད་པ་ནང་ཁུལ་གྲ་མ་སྒྲིག་པའི་གནས་སྟངས་ལོ་རྒྱུས་ནང་འཁོད་དགོས་བྱུང་ན་ཐབས་སྐྱོ་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ང་ཚོས་བཀའ་སྤྱི་གཉིས་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད། དེར་བརྟེན་ཁྱེད་རང་ཚོ་དབུ་མའི་ལམ་གྱི་ལས་འགུལ་བ་ཡིན། ཞེས་རྨོངས་དད་བྱས་ནས་ནག་ཁུང་ནང་བསྐྱོད་པ་ལྟར་འགྲོ་རྒྱུ་མེད། ཡིག་ཆའི་ནང་གང་འཁོད་ཡོད་པ་རྣམས་རང་ཉིད་ཀྱིས་ཤེས་པའི་ཐོག་མི་དམངས་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས། ང་ཚོས་རྒྱ་ནག་གཞུང་ལ་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ལ་ངོ་བོ་གཅིག་གྱུར་ཐོག་ནས་ལྟ་དགོས་ཀྱི་འདུག ཅེས་བརྗོད་ཀྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་པ་དང་ས་གནས་རང་སྐྱོང་གི་ཁྲིམས་ནང་དེ་གསལ་ཡོད། བོད་རིགས་ཚང་མ་ངོ་བོ་གཅིག་ཏུ་བརྩིས་ཏེ་དེའི་འཛིན་སྐྱོང་ས་ཁུལ་གཅིག་ཏུ་དགོས་ཀྱི་འདུག་ཅེས་ང་ཚོས་རྩོད་གཞི་གཙོ་བོ་དེ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།