༢༠༡༤ ཟླ་ ༤ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་འདུ་ཐེངས་དགུ་པའི་དབུ་འཛུགས་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དཔལ་ལྡན་ཚོགས་གཙོས་དབུས་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། ཕྱག་སྦྲེལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག འདེམས་ལྷན་གྱི་ཚོགས་གཙོ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དམིགས་བསལ་སྐུ་མགྲོན་རྣམ་པ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི་རྣམ་པ་བཅས་ཚང་མར་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱིར་བཏང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཡོད་པའི་བོད་པའི་ཚོང་ལས་བདེ་ཚོགས་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། བཀའ་ཤག་ངོས་ནས་མཐུན་འགྱུར་བསྐྲུན་ཐུབ་པ་དེ་དག་བསྐྲུན་རྒྱུར་ཐེ་ཚོམ་མེད། ཅེས་ཞུ་རྒྱུ་ཡིན། དེ་བཞིན་ཚོང་ལས་བདེ་ཚོགས་ནས་དུས་དེབ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་བཀའ་ཤག་གི་ལྟ་གྲུབ་གསུམ་གཞིར་བཞག་ཐོག་ལས་དོན་སྒྲུབ་བཞིན་ཡོད། ཅེས་འཁོད་འདུག དེར་བརྟེན་རྣམ་པ་ཚོ་ཚོང་བརྒྱབ་པ་ཡིན་རུང་ཆིག་སྒྲིལ་གཙོ་བོ་བཞག་དགོས་པ་དང་། གསར་གཏོད་རིམ་པའི་ཐོག་ནས་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རིམ་བཞིན་རང་ཁ་རང་གསོ་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག གཞི་རྩའི་རང་ཁ་རང་གསོ་དངོས་པོ་གཞིར་བཞག་ཐོག་ནས་རང་ཁ་རང་གསོ་ཡོང་ཐབས་མེད། གང་ལ་ཞེ་ན། ཟས་གོས་ཚང་མ་གཞན་ལ་རྟེན་དགོས་ཀྱི་ཡོད། ང་ཚོ་འདི་གར་བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས་གཞན་ལ་རྟེན་དགོས་ཀྱི་ཡོད། འོན་ཀྱང་བསམ་བློའི་ཐོག་ནས་རང་ཁ་རང་གསོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བསམ་བློ་གཞན་རྟེན་དུ་གནས་པ་ཡིན་ན་ཚང་མས་ཤེས་གསལ་རེད། རྩ་དོན་རྩོད་མཁན་གྷན་ངྷི་ཇི་སོགས་ཀྱིས་བསམ་བློ་གཞན་རྟེན་ནི་དུག་རེད། ཅེས་བརྗོད་ཀྱི་ཡོད། གང་ལ་ཞེ་ན། དཀའ་ངལ་འཕྲད་སྐབས་གཞན་ཞིག་གིས་རོགས་རམ་ལ་བརྟེན་དགོས་པ་ཆགས་ཀྱི་རེད། དེར་བརྟེན་རང་ཁ་རང་གསོ་བྱེད་རྒྱུའི་བསམ་བློར་མེད་ན། དངོས་པོའི་ཐོག་ནས་རང་ཁ་རང་གསོ་ཡོང་ཐབས་མེད། བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ལ་བརྟེན་ནས་ཡིན།
ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་༸གོང་ས་མཆོག་གིས་ང་ཚོའི་སྤྱི་ཚོགས་ནང་ཐོག་མར་ལོ་བཅུ་ཉི་ཤུ་ང་ཚོ་འཐོམས་མ་སངས་པར་གནས་ཡོད་ངེས་རེད། འོན་ཀྱང་ལོ་སུམ་ཅུའི་རིང་ཤེས་ཡོན་ཐོག་ཧ་ཅང་འཐུས་ཤོར་ཕྱིན་འདུག ཅེས་བཀའ་སློབ་ཕེབས་ཡོད། དེར་བརྟེན་ཤེས་ཡོན་ནི་ང་ཚོའི་མ་རྩ་ལྟ་བུ་ཆགས་ཀྱི་ཡོད། བཀའ་ཤག་སྐབས་བཅུ་པའི་ཐོག་ནས་༸གོང་ས་མཆོག་གི་དགོངས་གཞི་ལྟར། ཤེས་ཡོན་གལ་ཆེ་ཤོས་བརྩིས་ཏེ་འབད་བརྩོན་བྱེད་མུས་ཡིན། མི་སུ་འདྲ་ཞིག་ཡིན་རུང་འཇོན་ཐང་འདོན་རྒྱུར་ཤེས་ཡོན་དགོས་ཀྱི་ཡོད། ཤེས་ཡོན་ཡར་རྒྱས་ཕྱིན་རྗེས་དཔལ་འབྱོར་དང་ཚོང་འབྲེལ་ཐོག་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད། དཔེར་ན། ཨི་ཛི་རལ་དང་ཉི་ཧོང་སོགས་རྒྱལ་ཁབ་མང་པོ་ཞིག་གིས་ཤེས་ཡོན་ཐོག་མ་རྩ་བླུགས་པར་བརྟེན་ནས་ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཆབས་སྐབས། རིམ་བཞིན་དཔལ་འབྱོར་ཡར་རྒྱས་འགྲོ་གི་ཡོད། དེ་བཞིན་ང་ཚོ་བོད་པའི་ཚོང་པའི་ནང་ནས་ས་ཡ་དང་དུང་ཕྱུར་གྱི་བདག་པོ་དེ་འདྲ་འཐོན་རྒྱུའི་རེ་བ་བྱེད་བཞིན་ཡོད། གྷན་ངྷི་ཇིས་འགོ་ཁྲིད་པའི་ཐོག་རྒྱ་གར་གྱི་རྩ་དོན་རྩོད་པ་རེད། གྷན་ངྷི་ཇི་སོགས་ཀྱིས་ལས་འགུལ་མང་པོ་ཞིག་སྤེལ་ཡོད། རྒྱ་གར་གྱི་རྩ་དོན་རྩོད་སྐབས་རྒྱ་གར་གྱི་ཚོང་པ་ཚོས་དཔལ་འབྱོར་མཐུན་འགྱུར་བསྐྲུན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།