༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར།
༄༅།།འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཅོན་ཏ་རར་རྟེན་གཞི་བྱས་པའི་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་ཅོན་ཏ་ར་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་ཉི་གྲགས་རིན་པོ་ཆེ་མཆོག ཕུན་ཚོགས་ཕོ་བྲང་གི་གདུང་སྲས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུསསྤྱི་འཐུས་རྒྱུན་ལས་རྣམ་པ། དགོན་པའི་བླ་སྤྲུལ་དང་གྲྭ་དམངས། སྦིར་སྡེ་དགེ་དང་བོད་ཚོགས། ཅོན་ཏ་ར་ནང་ཆེན་བཅས་ཀྱི་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ཧིན་བོད་མཛའ་འབྲེལ་ཚོགས་མི། གཞིས་མི་རྣམ་པ། སུ་ཇ་དང་ཅོན་ཏ་ར་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས། མེ་ཏོག་སོགས་ཐོགས་ཏེ་གཟིམ་ཆུང་དུ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་༸གོང་ས་མཆོག་གིས་དགོན་པ་དབུ་འབྱེད་བྱིན་རླབས་མཛད་པའི་ཚིག་བརྗོད་འཁོད་པའི་པང་རྡོ་ཞལ་འབྱེད་དང་། དེ་བཞིན་དགོན་པའི་རྒྱལ་སྒོའི་དར་ཚོན་གཅོད་འབྲེག་གིས་དབུ་འབྱེད་མཛད་པ་དང་ཆབས་ཅིག་རབ་གནས་བྱིན་རླབས་བཀའ་དྲིན་ཆེ་བ་སྩལ། དེ་རྗེས་སྤྲུལ་སྐུ་ཉི་གྲགས་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཤར་སྤྲུལ་དམ་ཆོས་རིན་པོ་ཆེ་མཆོག་གིས་དགོན་པའི་ལོ་རྒྱུས་སྙན་སྒྲོན་ཞུས། དེ་ནས་ཕྱི་རྒྱལ་བ་ཉི་གྲགས་ཆོས་བརྒྱུད་ཀྱི་སློབ་མ་དང་། སྦྱིན་བདག་རྣམས་ཀྱི་ངོ་ཚབ་སྐུ་ཞབས་ Terry Cheng ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་།
དེ་ནས་༸གོང་ས་མཆོག་གིས་དགོན་པའི་དད་གཏོང་ཡོན་སྦྱོར་གྱི་སྦྱིན་བདག་རྣམས་ལ་ཕྱག་འཁྱེར་དང་ཕྱག་རྟགས་གསོལ་རས་དང་འབྲེལ་བཀའ་སློབ་སྩལ།
དེ་རྗེས་ཉི་གྲགས་རིན་པོ་ཆེ་མཆོག་དང་ཤར་སྤྲུལ་རིན་པོ་ཆེ། སྦིར་སྡེ་དགེ་དང་བོད་ཚོགས། ཅོན་ཏ་ར་ནང་ཆེན་བཅས་ཀྱི་ས་གནས་འགོ་འཛིན་དང་། སྦྱིན་བདག་ཁག་བཅས་ཀྱིས་བཀའ་དྲིན་གཏང་རག་གི་མཎྜལ་དང་བརྟན་བཞུགས་བསྟར་འབུལ་ཞུས་མཐར་མཁན་པོ་ཐུབ་བསྟན་འཇམ་དཔལ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།