༢༠༡༤ ཟླ་ ༤ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༡ བར་རྩིས་ལོ་གཅིག་གི་ནང་ས་ཏོན་ཁམས་ཀ་ཐོག་དང་། སྦིར། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ལས་ཁུངས་ཀྱིས་ཕྱི་དྲིལ་དང་འབྲེལ་བའི་ལས་དོན་སྤེལ་བའི་ནང་༸གོང་ས་མཆོག་གི་བཀའ་སློབ་དང་། བཀའ་སྤྱིའི་ལས་རིམ་གལ་ཆེན་བཅས་ཀྱི་འོད་སྡེར་ཇི་ཡོད་བཅུ་ཤོག་བཞིའི་བཅུ་དཔོན་བརྒྱུད་དོ་སྣང་ཅན་ཚོར་བང་རིམ་བཞིན་གཟིགས་ཆེད་གཡར་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རང་དབང་གསར་ཤོག་དང་། ཤེས་བྱ། དབྱིན་ཡིག་དུས་དེབ་སོགས་འདི་ལས་སུ་ལག་སོན་བྱུང་བ་རྣམས་གང་ཐུབ་འགྲེམས་སྤེལ་ཞུས་ཡོད། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་སླད་དབུས་ཀྱི་བཀའ་འབྲེལ་ལྟར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད་པ་མ་ཟད། དུས་ནས་དུས་སུ་མང་ཚོགས་ལ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་གོ་རྟོགས་སྤེལ་བཞིན་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༧ ཉིན་སྦིར་ས་གནས་གྲོས་ཚོགས་ཁང་ནང་སྦིར་སྡེ་ནང་གསུམ་གྱི་ས་གནས་འགོ་འཛིན་གསུམ་གྱིས་དབུས་དགོན་སྡེ་ཁག་གི་སྐུ་ཚབ་དང་། སློབ་གྲྭ་ཁག་གི་འགན་འཛིན། སྨན་ཁང་གི་འགན་འཛིན་བཅས་ཚང་འཛོམས་ཐོག་ས་གནས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པ་ངེས་པར་དུ་དགོས་པ་དང་། དེ་དང་འབྲེལ་བའི་བོད་དོན་ཁྱབ་བསྒྲགས་བྱེད་རྒྱུའི་ལས་གཞི་བརྩམས། ཕྱི་ཟླ་ ༩ ཚེས་ ༢ ཉིན་ས་གནས་སུ་མང་གཙོ་དུས་དྲན་ཐེངས་ ༥༣ པ་སྲུང་བརྩིའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས་གདན་ཞུས་ཀྱིས་མང་གཙོ་ཅན་གྱི་རྒྱལ་ཁབ་ཀྱི་འགྲོ་ལུགས་དང་། སྤྱི་འཐུས་ཀྱི་ལས་འགན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་། དེ་བཞིན་མང་ཚོགས་ཁྲོད་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་གསར་འགྱུར་བསྟན་དང་སྟོན་བཞིན་ཡོད། ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷ་དྷ་ར་སིངྒ་མཆོག་གིས་དབུས་སྦིར་དུ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ནམ་མཁའི་ཕུར་ལྡིང་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་དང་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་འོད་སྡེར་དང་དཔེ་དེབ་ཁག་འགྲེམས་སྤེལ་ཞུས། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་ཧིན་བོད་མཛའ་འབྲེལ་ཚོགས་པའི་འཐུས་མི་སྐོང་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ཨཱ་ཙརྱ་་ཡེ་ཤེས་ཕུན་ཚོགས་ལགས་གདན་ཞུས་ཐོག་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར་གསུང་བཤད་གནང་སྐབས་བེ་ཇི་ནཱཐ་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀི་ཤོ་རི་ལལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་སྟེ་བོད་དོན་དང་འབྲེལ་བའི་གོ་རྟོགས་སྤེལ་ཡོད།
གཞན་ཡང་སིར་མོར་བོད་མིའི་གཞིས་ཆགས་ཁག་བཞི་ནས་ན་ཧཱན་དང་སྤོན་ཊ་ཁྲོམ་གཞུང་གཉིས་སུ་རྔམ་སྟོན་ཁྲོམ་སྐོར་དང་། སིར་མོར་རྫོང་དཔོན་ལས་ཁུངས་ཀྱི་མདུན་དུ་ཚོགས་སྐབས་ས་གནས་འགོ་འཛིན་དང་སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི། སྐུ་མགྲོན་གཙོ་བོ་གྷི་ཊ་རཱམ་ཐ་ཀུར་ལགས་བཅས་ཀྱིས་རྫོང་དཔོན་བརྒྱུད་རྒྱ་གར་སྲིད་བློན་མཆོག་ལ་སྙན་ཞུ་འབུལ་ལམ་ཞུས་ཡོད་པ་བཅས།།