༢༠༡༤ ཟླ་ ༤ ཚེས་ ༡ རེས་གཟའ་མིག་དམར།
༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་རྒྱ་ནག་གི་གྲིབ་ནག་འོག་བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་བསུན་གཙེར་བཟོ་བཞིན་པ། ‘Under China’s Shadow: Mistreatment of Tibetans in Nepal’ ཞེས་འགོ་བརྗོད་འཁོད་པའི་སྙན་ཐོ་ཤོག་གྲངས་ ༡༠༠ ཡོད་པ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་ཁུལ་དེར་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྐོར་སོགས་འཁོད་ཡོད།
དེ་ཡང་ཐེངས་འདིར་བལ་ཡུལ་ཁུལ་དུ་གནས་སྡོད་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་གྱི་སྙན་ཐོ་བཏོན་པའི་སྐབས་དང་བསྟུན་ཨེ་ཤི་ཡ་མངའ་ཁུལ་གྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་ Asia director at Human Rights Watch སྐུ་ཞབས་བྷ་ར་ཌི་ཨེ་ཌེམ་སི་ Brad Adams ལགས་ཀྱིས་གསུང་དོན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན། བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོ་ལའང་བལ་ཡུལ་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཅེས་གསུངས། གཞན་ཡང་སྙན་ཐོའི་ནང་མུ་མཐུད་འཁོད་དོན།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་བལ་ཡུལ་སྲིད་གཞུང་ལ་དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་རྟོག་ཞིབ་ཚོགས་པ་དང་ལྷན་དུ་ United Nations’ High Commissioner for Refugees གན་རྒྱ་ཇེན་ཊལ་མེན་སི་ཨེ་གྷི་རི་མེན་ཊི་ “Gentleman’s Agreement” ཞེས་པ་ཞིག་བཞག་པ་ལྟར་དེར་བརྩི་བཀུར་ཞུས་ཏེ་གན་རྒྱའི་ནང་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་ཁུར་ཞུ་རྒྱུའི་ཁས་ལེན་གང་གནང་བ་རྣམས་ལ་བརྩི་བཀུར་དང་ལེན་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་མ་ཟད། གན་རྒྱའི་ནང་བོད་ནས་བོད་མི་བྲོས་བྱོལ་བ་སུ་ཞིག་བལ་ཡུལ་དུ་འབྱོར་རྗེས་བལ་ཡུལ་གཞུང་གིས་བོད་མི་དེ་དག་རྒྱ་གར་ནང་སྐྱབས་བཅོལ་ལ་འགྲོ་རྒྱུར་མཐུན་རྐྱེན་སྦྱོར་དགོས་པ་གསལ་ཡོད།
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།
བལ་ཡུལ་གཞུང་གིས་གན་རྒྱའི་ནང་གི་དོན་ཚན་དང་འགལ་ཏེ་བོད་མི་བྲོས་བྱོལ་བ་རྣམས་བོད་དུ་ཕྱིར་སློག་བྱས་ཚེ་བོད་མི་དེ་དག་ལ་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་ཉེན་ལ་བརྟེན་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད། རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་ས་ཁུལ་ཁག་ཏུ་སྐོར་སྲུང་དམག་མི་ཧ་ཅང་མང་པོ་འགྲེམས་འཇོག་བྱས་པ་མ་ཟད། རྒྱ་ནག་དང་བལ་ཡུལ་སྐོར་སྲུང་དམག་མིའི་དབར་ཉེ་ལམ་འབྲེལ་བ་ཤུགས་ཆེ་རུ་བཏང་བར་བརྟེན། བོད་ནས་བལ་ཡུལ་དུ་བོད་མི་བྲོས་བྱོལ་ལ་ཡོང་མཁན་ཐོག་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བཏང་ཐུབ་ཡོད་པ་ནི་དཔེར་ན། ཕྱི་ལོ་ ༢༠༠༨ ལོའི་སྔོན་ལ་ལོ་རེར་བོད་ནས་བྲོས་བྱོལ་ཡོང་མཁན་བོད་མི་ ༢༠༠༠ བརྒལ་བ་ཡོང་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ལོར་བོད་ནས་བྲོས་བྱོལ་ཡོང་མཁན་བོད་མི་གྲངས་ ༢༠༠ ཟིན་གྱི་མེད།
བལ་ཡུལ་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བའི་ཤུགས་རྐྱེན་དེ་བལ་ཡུལ་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཡོངས་ཀྱིས་ཚོར་བཞིན་ཡོད་པ་ནི། ཡུལ་དེར་བོད་མི་སྐྱབས་བཅོལ་བ་ཕྱེད་ཙམ་ལ་བལ་ཡུལ་གཞུང་གིས་ངོས་འབྱོར་ཡིག་ཆ་ཚད་ལྡན་སྤྲད་མེད་པར་བརྟེན་བོད་མི་དེ་དག་གི་འགྲོ་སྡུག་སྤྱོད་གསུམ་ལ་བལ་ཡུལ་གཞུང་གིས་སོ་ལྟ་བྱ་རྒྱུ། དེ་བཞིན་ཉེན་རྟོག་མི་སྣས་གང་བྱུང་བསུན་གཙེར་བཟོ་རྒྱུའི་ཉེན་ཁ། དེ་བཞིན་ཁྲིམས་ཁང་གིས་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་ཡོད་མིན་ལ་མ་ལྟོས་པར་ཁྲིམས་ཀྱི་འགྲོ་ལུགས་དང་མ་མཐུན་པའི་སྲིད་བྱུས་ལག་བསྟར་བྱ་རྒྱུ་སོགས་ཉེན་ཁ་ཧ་ཅང་འཕྲད་བཞིན་ཡོད། བལ་ཡུལ་དུ་གནས་སྡོད་བོད་མི་ཚོར་ཡིག་ཆ་རག་དཀའ་བར་བརྟེན་སློབ་གྲྭ་འགྲོ་རྒྱུ་དང་། ལས་ཀ་འཚོལ་རྒྱུ། ཚོང་ལས་གཉེར་རྒྱུ། ཕྱི་རྒྱལ་དུ་བསྐྱོད་རྒྱུ་སོགས་ཀྱིས་གཙོས་ལས་དོན་གང་ཅིར་མཉམ་ཞུགས་བྱ་རྒྱུར་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། ཅེས་འཁོད་ཡོད།
གཞན་ཡང་ཨེ་ཤི་ཡ་མངའ་ཁུལ་གྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་སྐུ་ཞབས་བྷ་ར་ཌི་ཨེ་ཌེམ་སི་ལགས་ཀྱིས་གསུང་དོན། བལ་ཡུལ་གཞུང་གིས་ཡུལ་དེར་སྐྱེས་པའི་བོད་མི་གཙོ་བོར་གྱུར་བའི་བོད་མི་སྟོང་ཕྲག་མང་པོར་བལ་ཡུལ་ནང་སྡོད་རྒྱུའི་ཁྲིམས་མཐུན་གྱི་ངོ་སྦྱོར་ཡིག་ཆ་སྤྲོད་ཀྱི་མེད། དེར་བརྟེན་བོད་མིའི་སྤྱི་ཚོགས་དེ་བཞིན་བལ་ཡུལ་ནང་མི་རིགས་ཟུར་ཕུད་ལྟ་བུར་གྱུར་ནས་མཐོང་ཆུང་ཁྱད་གསོད་བྱ་ཡུལ་ཞིག་ཏུ་འགྱུར་བཞིན་ཡོད། ཅེས་གསུངས་པ་མ་ཟད།
ཁོང་གིས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བ་ཚོར་གཞི་རིམ་གྱི་ཐོབ་ཐང་སྤྲོད་རྒྱུའི་སྲིད་བྱུས་ངེས་ཅན་ཞིག་ལག་བསྟར་གནང་དགོས་པ་དང་། སྲིད་བྱུས་དེ་བརྒྱུད་ནས་བོད་མི་སྐྱབས་བཅོལ་བ་ལོ་ཚད་ཟིན་པ་རྣམས་ལ་སྐྱབས་བཅོལ་གྱི་ངོ་སྤྲོད་ལག་འཁྱེར་སྤྲད་དེ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་ཐོག་བོད་མི་བལ་ཡུལ་གྱི་ས་ནས་བོད་དུ་ཕྱིར་སློག་གཏོང་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། ཕྱོགས་མཚུངས་སྙན་ཐོའི་ནང་བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་དེང་སྐབས་ངོ་རྒོལ་སྐད་འབོད་རྒྱག་རྒྱུས་མཚོན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཆོག་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབས་ཆེད་ལས་འགུལ་སྤེལ་རྒྱུ་སོགས་ལ་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པ་མ་ཟད། བལ་ཡུལ་ཉེན་རྟོག་མི་སྣས་ཉིན་ལྟར་སུན་གཙེར་བཟོ་བ་སོགས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། ཅེས་སོགས་འཁོད་ཡོད།