༄༅། །ལོ་ལྟར་ཕྱི་ཟླ་ ༤ ཚེས་ ༧ ཉིན་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། འདི་ལོའི་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་བརྗོད་གཞི་ནི། “ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་འགོ་ནད་” ཅེས་པ་འདི་ཡིན། ལོ་འདི་ནི་ང་ཚོས་ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་འགོ་ནད་ལས་སྔོན་འགོག་དང་སྲུང་སྐྱོབ་བྱ་ཆེད་དུ་དམིགས་པ་ཞིག་ཡིན།
ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་འགོ་ནད་དེ་ནི་དུག་སྦྲང་དང་། འདྲེ་ཤིག ར་ག་གཙེ་ལེ། སྦྲང་བུ། ཆུའི་ནང་གི་འབུ་སྲིན་ཕྲ་མོ་ནས་བརྒྱུད་དེ་མི་གཅིག་ནས་གཅིག་དང་། ས་གནས་གཅིག་ནས་གཅིག་ཏུ་ཁྱབ་གདལ་འགྲོ་བཞིན་ཡོད། སྲོག་ལྡན་ཆུང་ཆུང་འདི་རིགས་ལ་ཕྲ་སྲིན་འདྲེན་བྱེད་ Vector ཟེར་གྱི་ཡོད། ཁྱིམ་དུ་སྡོད་སྐབས་དང་། འགྲིམ་འགྲུལ་བྱེད་བཞིན་པའི་སྐབས་སུའང་ཕྲ་སྲིན་འདྲེན་བྱེད་དེ་དག་གིས་ང་ཚོའི་འཕྲོད་བསྟེན་ལ་ཉེན་ཁ་བཟོ་ཡི་ཡོད། རྒྱ་གར་ཡུལ་ལུང་ནང་ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་ཡོངས་གྲགས་སུ་གྱུར་པའི་འགོ་ནད་ཁག་ནི་འདར་ཚད་དང་། རུས་ཚད། ཀྰ་ལ་ཨ་ཛར། ཉག་ཕྲན་ཕྲ་སྲིན། ཆི་ཀུན་གུང་ཡ། ཉི་ཧོང་གི་ཀླད་ཚད་ Japanese encephalitis ལྟ་བུ་ཆགས་ཡོད།
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཉེ་དུས་སུ་སྤེལ་བའི་ཚོད་རྩིས་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་འདར་ཚད་ཀྱི་ནད་གཞིས་ཟིན་པ་མི་གྲངས་ས་ཡ་ ༢༠༧ ཙམ་དང་། འདར་ཚད་དང་འབྲེལ་བའི་ནད་གཞིས་རྐྱེན་པས་མི་གྲངས་ ༦༢༧༠༠༠ ཙམ་འདས་གྲོངས་སུ་གྱུར་ཡོད། འདར་ཚད་ནི་འཛམ་གླིང་ནང་ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་འགོ་ནད་ཚབས་ཆེ་ཤོས་ཤིག་ཆགས་ཡོད། དེ་ལྟ་ནའང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོའི་ནང་། རུས་ཚད་ནི་འཛམ་གླིང་ནང་ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་འགོ་ནད་ཀྱི་འཕེལ་ཚད་ཆེས་མྱུར་ཤོས་ཤིག་ཆགས་ཡོད་ཅིང་། དེ་ཡང་འདས་པའི་ལོ་ངོ་ལྔ་བཅུའི་ནང་ནད་གཞི་འདི་འཕེལ་ཚད་ནི་ལྡབ་སུམ་ཅུ་ཙམ་གྱིས་མྱུར་བ་ཕྱིན་ཡོད། འདར་ཚད་དང་རུས་ཚད་གཉིས་ཀ་དུག་སྦྲང་གིས་སོ་བརྒྱབ་པ་ལས་བྱུང་བའི་ནད་གཞི་ཞིག་ཡིན། འདར་ཚད་ནི་རྒྱ་གར་གྱི་ཡུལ་ལུང་མང་ཆེ་བའི་ནང་ཁྱབ་གདལ་དུ་གྱུར་ཡོད། རུས་ཚད་ཀྱི་ནད་གཞི་དེ་ཡང་རྒྱ་གར་གྱི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་དིལླྰི་དང་། བཻངྒ་ལོར། མུམ་བྷེ་ལ་སོགས་པའི་ནང་ཁྱབ་ཤུགས་ཆེ་བ་ཡོད།
༢༠༡༣ ལོའི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོའི་ལས་གཞི་ནང་། ཨོ་རི་ས་བོད་མིའི་གཞིས་ཆགས་གཅིག་པུའི་ནང་འདར་ཚད་ཀྱི་ནད་གཞིས་ཟིན་པ་མི་གྲངས་ ༡༡༨ ཙམ་དང་། དེ་བཞིན་བྷན་རྡ་ར་དང་། མན་སྤར། མེའོ། ཏེ་ཛུ། ཀྲུ་ཀྲིང་བཅས་ཀྱི་བོད་མིའི་གཞིས་ཆགས་ཁག་གི་ནང་དུའང་ཕྱི་ལོ་ ༢༠༡༣ ལོར་འདར་ཚད་ཀྱི་ནད་གཞིའི་ཡོད་སྐོར་འཁོད་ཡོད། གཞན་ཡང་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་། ཀོ་ལེ་གལ་དོན་ལྡན་གླིང་། བྰིར། བདེ་སྐྱིད་གླིང་བཅས་ཀྱི་གཞིས་ཆགས་ཁག་ལའང་ནད་གཞི་འདི་རིགས་བྱུང་ཡོད་པ་བཅས། མདོར་ན་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་ཏུ་འདར་ཚད་དང་འབྲེལ་བའི་ནད་གཞིའི་ཕྱོགས་བསྡོམས་ཀྱི་གྲངས་འབོར་ནི་ ༢༤༨ ཙམ་ཟིན་ཡོད།
དེ་ཙམ་མ་ཟད་སྔ་ལོ་དིལླིྰར་རུས་ཚད་ཀྱི་ནད་གཞི་ཁྱབ་གདལ་བྱུང་སྐབས་དིལླིྰ་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནང་ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་བྱེད་མི་མང་བའི་རྐྱེན་གྱིས་རུས་ཚད་ཀྱི་འཕེལ་ཚད་མྱུར་དུ་ཕྱིན་ཏེ། ཕྱི་ལོ་ ༢༠༡༣ ལོ་གཅིག་པུའི་ནང་བོད་མི་ ༡༥༦ ཙམ་ལ་རུས་ཚད་ཀྱི་ནད་གཞི་བྱུང་ཡོད། དྷ་ས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་བདེ་ལེགས་སྨན་ཁང་ནས་བྱུང་བའི་འཕྲོད་བསྟེན་གྲངས་ཐོའི་ནང་། ཕྱི་ལོ་ ༢༠༡༣ ལོར་འདར་ཚད་ཀྱི་ནད་གཞིས་ཕོག་པ་མི་གྲངས་ ༣༠ དང་། མོན་གྷོ་དང་སྦེལ་ཀོབ་གཞིས་ཆགས་ནང་འདར་ཚད་ཀྱི་ནད་གཞིས་ཕོག་པ་མི་གྲངས་ ༢༩ རེ་ཡོད་སྐོར་འཁོད་འདུག
ཉེ་བའི་ལོ་ཤས་ནང་འཕྲོད་བསྟེན་ལས་ཁུངས་ངོས་ནས་ནད་གཞི་དེའི་ཐོག་མང་ཚོགས་ལ་ཡོངས་ཁྱབ་ཀྱི་གོ་རྟོགས་སློབ་གསོ་སྤེལ་བ་དང་། སྦྱོང་བརྡར་སྤྲོད་པ། སྔོན་འགོག་གི་ཐབས་ལམ་གཞན་སོགས་བརྒྱུད་ནས་ནད་གཞི་འདིར་འཐབ་རྩོད་མཐར་ཕྱིན་པ་བྱེད་མུས་ཡིན། ཕྱི་ལོ་ ༢༠༡༣ ལོར་ནོར་ཝེ་རོགས་ཚོགས་ཀྱིས་རོགས་དངུལ་མཐུན་འགྱུར་འོག་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་ནང་འདར་ཚད་ཀྱི་ནད་གཞི་ཁྱབ་ཤུགས་ཆེ་ཤོས་སུ་གྱུར་པའི་མངའ་ཁུལ་ནང་ཡོད་པའི་བོད་མི་གཞིས་སྒར་མན་སྤར་དང་། བྷན་རྡ་ར། མེའོ། ཏི་ཛུ། ཀྲུ་ཀྲིང་བཅས་ཁག་ལྔའི་ནང་མང་ཚོགས་ལ་འདར་ཚད་ཀྱི་ནད་གཞིའི་གོ་རྟོགས་ཁྱབ་སྤེལ་དང་། སྔོན་འགོག་བྱེད་ཐབས་ཀྱི་ལས་འགུལ་ཞིག་སྤེལ་ཡོད། དེ་དང་ཆབས་ཅིག་དུག་སྦྲང་འགོག་ཆེད་དུ་འབུ་དུག་བཏབ་པའི་ཉལ་གུར་སོགས་ཀྱི་ཆ་རྐྱེན་རིན་མེད་དང་ཆག་ཡང་ཐོག་བགོ་འགྲེམས་བྱས་ཡོད། འདི་ལོ་ང་ཚོས་ཕྱི་ལོ་ ༢༠༡༤་༢༠༡༥ ལོའི་སྔོན་རྩིས་ལོ་འཁོར་ནང་ཨོ་རི་ས་བོད་མིའི་གཞིས་ཆགས་ནང་འབུ་དུག་བཏབ་པའི་ཉལ་གུར་རིན་མེད་དམ་ཆག་ཡང་ཐོག་བགོ་འགྲེམས་བྱ་རྒྱུར་གཏན་འཁེལ་བྱུང་ཡོད།
འདར་ཚད་དང་རུས་ཚད་ནི་སྔོན་འགོག་དང་། བཅོས་ཐུབ་པའི་ནད་ཅིག་ཡིན། ནད་གཞི་འདི་རིགས་སྔོན་འགོག་དང་སྲུང་སྐྱོབ་ཐུབ་ཆེད་གཤམ་གསལ་རིམ་པ་རྣམས་ལག་བསྟར་བྱ་དགོས།
༡ ཐོག་མར་ནད་གཞི་འདིའི་སྐོར་ཤེས་རྟོགས་དགོས་ལ། དམིགས་བསལ་དུ་རང་ཉིད་དང་། རང་ཉིད་ཀྱི་ཁྱིམ་མི་རྣམས་སྲོག་ཉེན་ཅན་གྱི་ནད་གཞི་དེ་ལས་སྐྱོབ་ཐབས་ཇི་ལྟར་བྱེད་དགོས་པ་ཤེས་རྟོགས་དགོས།
༢ རང་ཉིད་སྒེར་གྱིས་ངོས་ནས་དུག་སྦྲང་གི་གནོད་འཚེ་ལ་ཡིད་གཟབ་དང་། དམིགས་བསལ་དུ་དགོང་མོར་དུག་སྦྲང་འགོག་བྱེད་ཀྱི་བྱུགས་སྣུམ་བེད་སྤྱོད་དང་། ཕུ་ཐུང་རིང་པོ་ཡོད་པའི་གྱོན་ཆས་གྱོན་པ། འདར་ཚད་སོགས་ཀྱི་ནད་གཞི་འགོག་ཐབས་ཀྱི་འབུ་དུག་དང་སྨན་ཆུ་གཏོར་བ་སོགས་ཀྱི་སྒོ་ནས་དུག་སྦྲང་འགོག་ཐབས་བྱེད་དགོས། དེ་བཞིན་འདར་ཚད་ལྟ་བུའི་ནད་གཞི་ཁྱབ་ཡུལ་གྱི་ས་ཁུལ་ཁག་ཏུ་འགྲོ་སྡོད་བྱེད་སྐབས་རྒྱུན་དུ་འབུ་དུག་བཏབ་པའི་ཉལ་གུར་གྱི་ནང་དུ་ཉལ་དགོས།
༣ ཁང་པའི་ཉེ་འཁོར་དུ་འཁྱིལ་བའི་བཙོག་ཆུ་ལྟ་བུའི་དུག་སྦྲང་སྐྱེད་འཕེལ་བྱེད་སའི་གནས་རྣམས་མེད་པ་བཟོ་ཆེད་དུ་རང་ཉིད་ཀྱི་གཡས་གཡོན་གྱི་ཁོར་ཡུག་རྣམས་རྟག་ཏུ་གཙང་བཟོ་དང་། ཁང་པའི་སྒོ་དང་སྒེའུ་ཁུང་རྣམས་ལ་ལྕགས་དྲ་བསྒར་ཏེ་དུག་སྦྲང་དང་འབུ་སྲིན་གཞན་རྣམས་ནང་དུ་འཛུལ་མི་ཐུབ་པའི་ཐབས་ཤེས་གང་ཐུབ་བྱེད་དགོས།
༤ བརྟག་དཔྱད་སྔོན་ཚུད་ནས་བྱས་ཏེ་ནད་གཞི་འདི་རིགས་ཀྱི་ནད་རྟགས་ཐོན་མཚམས་སུ་སྨན་བཅོས་ཆ་ཚང་བ་བྱེད་དགོས། འདར་ཚད་ཀྱི་ནད་རྟགས་ཐོག་མ་ནི་ཟུག་གཟེར་རྒྱག་པ་དང་། ཚ་བ་འབར་བ། མགོ་ན་བ་སོགས་ཆམ་ཚད་ན་བ་དང་འདྲ་བ་ཡོད། དེ་ནས་ཉིན་ཤས་རྗེས་ཚོུད་ཁ་ཤས་རིང་ཚ་བ་ཤུགས་ཆེ་འབར་བ་དང་། དེ་རྗེས་གྲང་ཤུམ་རྒྱག་པ་དང་རྔུལ་ནག་རྒྱུན་མ་ཆད་པར་ཐོན་གྱི་ཡོད། རུས་ཚད་ཀྱི་ནད་གཞིར་ མཚོན་ན། ན་ཚ་ཕོག་སྟེ་ཉིན་བཞིའམ་དྲུག་གི་རྗེས་སུ་ནད་རྟགས་ཐོན་འགོ་བཙུགས་ཏེ་ཉིན་གྲངས་བཅུ་ཙམ་རིང་གློ་བུར་ཚ་བ་ཤུགས་ཆེ་འབར་བ་དང་། མགོ་གཟེར་དྲག་པོ་རྒྱག་པ། མིག་གི་གཡས་གཡོན་ན་བ། ཚིགས་དང་ཤ་གནད་ན་བ། ཞེ་མེར་ལངས་པ། སྐྱུག་པ་ཤོར་བ། པགས་པར་ཐོར་སིབ་སྐྱེ་བ། ཁྲག་ཐོན་པ་སོགས་དང་སྦྲགས་ཏེ་ནད་རྟགས་དེ་གནས་ཀྱི་ཡོད།
ཕྲ་སྲིན་འདྲེན་བྱེད་ལས་བྱུང་བའི་འགོ་ནད་སྔོན་འགོག་དང་འགོག་ཐབས་བྱ་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཞིག་ཆགས་ཡོད་ཞུ་རྒྱུ་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༧ ལ།།
“