༢༠༡༤ ཟླ་ ༤ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར་ཉིན་ནོར་ཝེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཕྱི་རོལ་དུ་ཁུལ་དེའི་མང་ཚོགས་བཞི་བརྒྱ་ཙམ་གྱིས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེའི་སྲིད་བློན་ཨེར་ན་སོལ་བྷག་ Erna Solbergམཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་སྐོར་བསྒྲགས་གཏམ་སྤེལ་བ་དེར་ངོ་རྒོལ་བྱས་ཡོད། དེ་ཡང་ལས་འགུལ་གོ་སྒྲིག་གནང་མཁན་ཨན་ཁི་རི་སི་ཊིན་ཨེ་སི་པེ་ཇོ་ཌི་ Ann Kristin Espejord ལགས་ཀྱིས་གསུང་དོན། སྲིད་གཞུང་གིས་ཇི་ཙམ་གསང་བ་བྱས་ཀྱང་ང་ཚོས་ཐེ་བྱུས་དེ་བས་མང་བ་བྱ་རྒྱུ་ཡིན། དབུ་ཁྲིད་རྣམས་ང་ཚོས་འོས་འདེམས་བྱས་པར་བརྟེན་ཁོང་ཚོས་མི་མང་གི་མངོན་འདོད་སྒྲུབ་དགོས་པ་ལས་མི་མང་གི་བསམ་ཚུལ་དང་འགལ་ཟླ་འགྲོ་རྒྱུའི་ལས་དོན་སྤེལ་རྒྱུའི་དབང་ཆ་ང་ཚོས་སྤྲད་མེད། དེར་བརྟེན་ཐེངས་འདིར་ཁོང་ཚོས་རྒྱ་ནག་གཞུང་གི་སྡིགས་སྐུལ་དང་གནོན་ཤུགས་འོག་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་བརྗོད་པ་དེར་ང་ཚོས་ངོས་ལེན་རྩ་བ་ནས་ཞུ་མི་ཐུབ། ཅེས་གསུངས་ཡོད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༧ ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་ཆིབས་སྒྱུར་བསྐྱང་སྟེ་མགོན་པོ་གང་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ལྷན་ཞུགས་མཛད་རྒྱུ་ཡིན་འདུག
ཐེངས་འདིར་གྲོས་ཚོགས་ཕྱི་རོལ་དུ་མང་ཚོགས་འདུ་འཛོམས་སྐབས་གུ་ཡངས་ཚོགས་པའི་འགོ་ཁྲིད་ Liberal party leader གྲོས་ཚོགས་འཐུས་མི་ལྕམ་སྐུ་ཏི་རི་ནི་སི་ཀི་གྷ་རན་དེ་ Trine Skei Grande མཆོག་དང་། ལྗང་ཁུ་ཚོགས་པའི་ Greens གྲོས་ཚོགས་འཐུས་མི་སྐུ་ཞབས་ར་སི་མོ་སི་ཧན་སོན་ Rasmus Hansson མཆོག
ནོར་ཝེའི་ཉེ་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Amnesty Norway’s general secretary སྐུ་ཞབས་ཇོན་པི་དེ་རེ་ཨེ་ཇི་ན་སི་ Jon Peder Egenæs མཆོག ནོར་ཝེའི་ཞི་བདེའི་ལྷན་ཚོགས་ Norwegian Peace Council ཀྱི་དབུ་ཁྲིད་སྐུ་ཞབས་ཧེ་དཱ་ལིན་ག་མེར་ Hedda Langemyr མཆོག དེ་བཞིན་ཡུལ་དེའི་གློག་བརྙན་འཁྲབ་སྟོན་པ་དང་། སྒྱུ་རྩལ་བ་སོགས་གལ་ཆེའི་མི་སྣ་མང་པོ་འདུས་འདུག སྤྱིར་༸གོང་ས་མཆོག་ཐེངས་འདིར་ནོར་ཝེའི་ནང་ཆིབས་སྒྱུར་འདི་གཞུང་འབྲེལ་ཞིག་མིན་ནའང་ནོ་བེལ་ཞི་བདེའི་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༠ ལོར་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའོ་ཞའོ་པོ་Lu Xiaobo ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་རྗེས་རྒྱ་ནག་གཞུང་ཧ་ཅང་ཁོང་ཁྲོ་ལངས་ཏེ་ནོར་ཝེ་དང་གཞུང་འབྲེལ་བརྒྱུད་ལམ་ཡོངས་རྫོགས་སྒོ་བརྒྱབ་ཡོད།
དེར་བརྟེན་ཕྱི་ལོ་ ༢༠༡༤ ཟླ་ ༤་ཚེས་ ༢༥ རེས་གཟའ་པ་སངས་ཉིན་ནོར་ཝེའི་སྲིད་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ནོར་ཝེར་ཆིབས་སྒྱུར་བསྐྱངས་སྐབས་གཞུང་འབྲེལ་ཕེབས་བསུ་གང་ཡང་ཞུ་རྒྱུ་མིན་པ་མ་ཟད། ཡུལ་དེའི་སྲིད་བློན་མཆོག་གིས་མཇལ་འཕྲད་ཞུ་རྒྱུ་མིན་སྐོར་བརྗོད་ཡོད། གཞན་ཡང་འདུ་འཛོམས་སྐབས་མང་ཚོགས་རྣམས་ཀྱིས་ཤིང་སྡོང་ལ་རས་ཀྱི་ཐག་པ་དཀར་པོ་བཏགས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་བཞེངས་ཕྱོགས་དེར་རྒྱབ་སྐྱོར་གྱི་རྣམ་པ་འདོན་དགོས་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད། གཞན་ཡང་ཡུལ་དེའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཨེན་ཨར་ཀེ་ NRK ནང་གསལ་ལྟར་ན་ཡུལ་དེའི་རྒྱལ་ས་ཨོ་སི་ལོའི་ཉེན་རྟོག་འགོ་དཔོན་ Oslo police ཇོ་ཧན་ཕེར་ཌིག་སན་ལགས་ཀྱིས་ Johan Fredriksen ༸གོང་ས་མཆོག་གི་ཆིབས་སྒྱུར་གཞུང་འབྲེལ་མིན་ནའང་སྐུའི་སྲུང་བྱའི་ཐོག་གཞུང་འབྲེལ་སྐུ་མགྲོན་དང་གཅིག་མཚུངས་ཞུ་རྒྱུ་ཡིན་སྐོར་གསུངས་པ་ལུང་འདྲེན་བྱས་ཡོད།