༢༠༡༤ ཟླ་ ༤ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་དམུ་ཁྱིམ་ཤང་གི་འགོ་ཁྲིད་ངང་གྲགས་ལགས་དང་རིག་གསལ་ལགས་གཉིས་ལ་ལོ་བཅུ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན། རྒྱ་ནག་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་དམུ་ཁྱིམ་ཤང་གི་འགོ་ཁྲིད་ངང་གྲགས་ལགས་དང་རིག་གསལ་ལགས་གཉིས་ལ་ལོ ༡༠ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ད་ལྟའི་ཆར་ཁོང་གཉིས་ཀྱི་གནས་སྟངས་དང་བཙོན་ཁང་གང་དུ་ཡོད་མེད་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་རྒྱ་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་གཞུང་གིས་འབྲི་རུ་རྫོང་ཁོངས་ཀྱི་ཁྱིམ་ཚང་རེ་རེའི་ཁང་ཐོག་ཏུ་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱེད་དགོས་པའི་བཀའ་ཁྱབ་བཏང་བ་ས་གནས་བོད་མི་ཚོས་དང་ལེན་མ་བྱས་པ་དང་། འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་འབྲི་རུ་མི་མང་ ༡༠༠༠ ལྷག་གིས་འབྲི་རུ་རྫོང་ཐོག་ཏུ་ངོ་རྒོལ་ལས་འགུལ་སྤེལ་སྐབས། དམུ་ཁྱིམ་ཤང་གི་བོད་མི་མང་པོ་མཉམ་ཞུགས་བྱས་པ། དེ་བཞིན། འབྲི་རུ་རྫོང་འབྲོང་སྣ་དགོན་པ་སྒོ་རྒྱབ་པར་དམུ་ཁྱིམ་ཞང་གི་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པ་དང་། སྔོན་ཆད་ངང་གྲགས་ཚང་དུ་བོད་མི་ ༡༧ ལྷག་གིས་ལྐོག་ནས་ཆབ་སྲིད་ཀྱི་ཚོགས་འདུ་བསྡུས་པ་དེར་བརྒྱུད་སྐུལ་བྱས་ཡོད་ལུགས་དང་། ཤང་གི་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་མ་ཁུར་བ་སོགས་ཀྱི་ཉེས་མིང་གཡོགས་ཏེ། ཁོང་གཉིས་ལ་ལོ་ངོ་ ༡༠ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ངང་གྲགས་ལགས་ད་ལྟ་དགུང་ལོ་ ༥༤ ཡིན་ཞིང་། ཕྱི་ལོ་ ༡༩༨༠ ཙམ་ལ་དམུ་ཁྱིམ་ཤང་གི་འགོ་ཁྲིད་ཀྱི་འགན་ཁུར་ཡོད་པ་དང་། ཁོང་གི་ཤུལ་དུ་བཟའ་ཟླ་དང་ཕྲུ་གུ་ཁ་ཤས་ཡོད་འདུག དེ་བཞིན། རིག་གསལ་ལགས་རང་ལོ་ ༣༡ ཡིན་ལ། ༢༠༠༧ ལོར་དམུ་ཁྱིམ་ཤང་གི་འགོ་ཁྲིད་ཡིན་པ་དང་། ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ ༣ ཡོད་འདུག
གཞན་ཡང་། རྒྱ་གཞུང་གིས་དམུ་ཁྱིམ་ཤང་གི་བོད་མི་ཁྲི་རྒྱལ་ཞུ་བ་ཞིག་འཛིན་བཟུང་བྱས་ཏེ། ལོ་ངོ་ ༡༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ད་ལྟའི་ཆར་ཁྲི་རྒྱལ་ལགས་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ ༥ ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་༩ པའི་ནང་རྒྱ་གཞུང་གིས་འབྲི་རུ་ཁུལ་གྱི་ཁྱིམ་ཚང་རེ་རེའི་ཁང་ཐོག་ཏུ་དར་དམར་སྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་བ་ནས་བཟུང་། ས་གནས་བོད་མི་ཚོས་སྔ་གཞུག་ཏུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་བོད་མི་མང་པོར་གང་བྱུང་ཉེས་རྡུང་དང་འཛིན་བཟུང་བཙོན་འཇུག་གི་གནས་ཚུལ་མུ་མཐུད་འབྱུང་བཞིན་ཡོད་ཀྱང་། ས་གནས་སུ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པས་གནས་ཚུལ་ཤེས་རྟོགས་བྱུང་ཁག་པོ་ཆགས་ཡོད་འདུག