༢༠༡༤ ཟླ་ ༤ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཕྱི་དྲིལ་འགྲེམས་སྟོན་ཁང་དུ་བོད་ཧིན་དབྱིན་གསུམ་གྱི་སྐད་ཡིག་ཐོག་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོན་དོན་དང་། རང་ལུས་མེར་སྲེག་གཏོང་མཁན་རྣམས་སུ་ཡིན། བོད་མིའི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་གང་ཡིན་པ། བོད་མིའི་རང་ལུས་མེར་སྲེག་གཏོང་ཡུལ་གྱི་ས་ཁུལ་ཁག དེ་བཞིན་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ལས་འགུལ་དེར་འཁྱོགས་བཤད་ཀྱི་ལན་འདེབས་གང་སྤེལ་བཞིན་ཡོད་པ་སོགས་ཀྱི་སྐོར་གྱི་དཔར་རིགས་དང་ངོ་སྤྲོད་འགྲེམས་སྟོན་དབུ་འབྱེད་གནང་སོང་།
སྐབས་དེར་བཀའ་བློན་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། རྣམ་པ་ཚོས་མཁྱེན་གསལ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་ལུས་མེར་སྲེག་ལྟ་བུ་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་དང་ཞུ་བཞིན་ཡོད། འོན་ཀྱང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་ཁྱོན་མི་གྲངས་ ༡༢༩ ཆགས་ཡོད། དེར་བརྟེན་ང་ཚོས་རྒྱལ་སྤྱིའི་ཐོག་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་ར་སྤྲོད་གསལ་པོ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། དེ་རིང་འདི་ལྟ་བུའི་འགྲེམས་སྟོན་བྱས་པ་བརྒྱུད་ང་ཚོས་ཕྱི་རྒྱལ་ཡུལ་མི་རྣམས་ནས་འགྲེམས་སྟོན་འདི་གང་མང་གཟིགས་ཐུབ་ན་བསམས་ནས་གོ་སྒྲིག་ཞུས་པ་ཞིག་རེད། བོད་ནང་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་མིན་དང་། རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་་མངོན་འདོད་གང་འདོན་བཞིན་ཡོད་པ། དེ་བཞིན་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་དེ་འགྲོ་བ་མིའི་ཐོབ་ཐང་མེད་པ་ཁོ་ན་མིན་པར་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་འབྲེལ་བའི་ཐོག་ང་ཚོས་ཡིག་ཐོག་ཏུ་ཕབ་ནས་པར་རིགས་དང་སྦྲགས་ནས་ར་སྤྲོད་གསལ་པོ་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད།
གཞན་ཡང་རང་ལུས་མེར་སྲེག་གཏོང་སའི་ས་གནས་ཁག་དང་ཁོང་རྣམ་པའི་ཞལ་ཆེམས། དགོས་འདུན་གང་བཏོན་པ། ང་ཚོས་རྒྱ་གཞུང་ལ་གང་ཞུ་བཞིན་ཡོད་སྐོར། རང་ལུས་མེར་སྲེག་གི་གནད་དོན་འདི་བྱུང་ནས་རྒྱ་ནག་གཞུང་གི་ངོས་ནས་འགྲེལ་བརྗོད་གང་བྱས་ཡོད་མེད་དང་སྲིད་བྱུས་མུ་མཐུད་ཇི་ལྟར་བཟུང་ཕྱོགས་བཅས་སོགས་ཀྱི་བརྒྱུད་གང་ཐུབ་གསལ་བཤད་ཞུས་ཡོད། ང་ཚོས་རྒྱ་གར་བ་དང་རྒྱ་མི་རིགས། གཞན་ཕྱི་རྒྱལ་བ་བཅས་གང་མང་ནས་འགྲེམས་སྟོན་འདི་གཟིགས་ཐུབ་རྒྱུར་འབད་བརྩོན་དང་རེ་བ་ཞུ་བཞིན་ཡོད། ཐེངས་འདིའི་འགྲེམས་སྟོན་འདི་སྐད་ཡིག་གསུམ་གྱི་ཐོག་ནས་འགྲེམས་སྟོན་ཞུས་ཡོད། ཅེས་གསུངས་ཡོད།
དེ་རྗེས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ནས་ངོ་སྤྲོད་གནང་དོན། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ནང་གཏན་འཇགས་འགྲེམས་སྟོན་དང་། སྐོར་བསྐྱོད་འགྲེམས་སྟོན། འདྲ་དཔར་གསོག་འཇོག་ཁང་བཅས་ཁག་མི་འདྲ་བ་གསུམ་ཙམ་ཡོད། ད་ལྟའི་འགྲེམས་སྟོན་འདི་ཉིད་སྐོར་བསྐྱོད་འགྲེམས་སྟོན་གྱི་ཆ་ཤས་ཆགས་ཀྱི་ཡོད། འགྲེམས་སྟོན་འདི་ཐོག་མར་ལྷོ་ཕྱོགས་པོན་ཌི་ཅ་རིར་འགྲེམས་སྤེལ་ཞུས་པ་དང་།
དེ་རྗེས་ཀོ་ཡིམ་སྦ་ཏུར་ (Coimbatore) དང་ཀོ་ཅི་ (Kochi) བཅས་ལ་འགྲེམས་སྟོན་ཞུས་པ་མ་ཟད་། འདི་ལོ་ཕྱི་ཟླ་ ༢ ནང་གྷོ་ཧ་ཌིར་བོད་ཀྱི་དུས་སྟོན་སྐབས་འགྲེམས་སྟོན་ཞུས་ཡོད། ད་རེ་འདི་ག་རྡ་རམ་ས་ལར་འགྲེམས་སྟོན་གོ་སྒྲིག་ཞུ་དགོས་དོན་དང་དམིགས་ཡུལ་གཙོ་བོ་ནི། བཞུགས་སྒར་རྡ་རམ་ས་ལར་དབྱར་དུས་སྐབས་སུ་ཕྱི་རྒྱལ་མི་རིགས་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་ཀྱི་ཡོད་པར་བརྟེན། ཁོང་ཚོ་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་དང་། བོད་ནང་ད་བར་བོད་མིའི་ ༡༢༩ ཡིས་རང་ལུས་མེར་སྲེག་གནང་བ་དེ་དག་གིས་རང་ལུས་མེར་སྲེག་གནང་དགོས་པའི་དགོས་པ་རྒྱུ་མཚན་དང་། རྒྱབ་ལྗོངས། རེ་འདུན། ཞལ་ཆེམས། བོད་མིའི་རང་ལུས་མེར་སྲེག་གཏོང་ཡུལ་གྱི་ས་ཁུལ་ཁག་དང་། མང་ཆེ་བ་དགེ་འདུན་པ་དང་བཙུན་མ་རེད། དེ་བཞིན་ཞིང་པ་དང་། འབྲོག་པ་ལས་བྱེད། ཚོང་པ་སོགས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འདྲ་མིན་སྣ་ཚོགས་ནས་རང་ལུས་མེར་སྲེག་གནང་མཁན་བྱུང་བ་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་སྤེལ་དང་ངོ་སྤྲོད་རྒྱ་ཆེ་ཙམ་ཡོང་ཐབས་སུ་དམིགས་ནས་འགྲེམས་སྟོན་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་སོགས་གསུངས་ཡོད།