༢༠༡༤ ཟླ་ ༤ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག པར་རྒྱག་སྟངས་དང་པར་བཅོས་སྒྲིག་གི་ཟབ་སྦྱོང་ (Digital Photography and Image Editing) ཞིག་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་ཟབ་ཁྲིད་པ་སྐུ་ཞབས་ཌེ་ཝི་ཌི་ཛིམ་མར་མེན་ལགས་དང་ཁོང་གི་བཟའ་ཟླ། ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་རྣམ་པ་བཅས་ཁྱོན་མི་གྲངས་ ༡༥ བརྒལ་བ་འདུ་འཛོམས་ཐོག ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲི་ཤིས་ཕུན་ཚོགས་ལགས་ཀྱིས་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཟབ་ཁྲིད་པ་སྐུ་ཞབས་ཌེ་ཝིདྷ་ཛིམ་མར་མེན་ལགས་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། ཐོག་མར་ངས་སྐུ་ཞབས་དང་ལྕམ་སྐུ་ཛིམ་མར་མེན་ལགས་ནས་དུས་ཚོད་བཏོན་ཏེ་འདི་གར་ཉིན་གྲངས་གཉིས་རིང་ཟབ་ཁྲིད་གནང་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཟབ་སྦྱོང་འདི་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་ཧ་ཅང་གལ་ཆེ་ཞིག་ཆགས་ཀྱི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། དེ་རིང་འདིར་ཟབ་སྦྱོང་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་དབྱིན་ཡིག་དང་། བོད་ཡིག རྒྱ་ཡིག འཆར་འགོད། སྒྲ་བརྙན། ཁོར་ཡུག འགྲེམས་སྟོན་ཚན་པ་བཅས་ཀྱི་ལས་བྱེད། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་བཅས་ནས་མཉམ་ཞུགས་གནང་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་པ་འདི་དག་ལ་འདི་ལྟ་བུའི་ཟབ་སྦྱོང་གནང་དགོས་དོན་གཙོ་བོ་ནི་ལས་བྱེད་མི་རེ་ངོ་རེ་ནས་ལས་ཁུངས་ཀྱི་ལས་དོན་གང་འདྲ་ཞིག་ཡིན་རུང་། ཆེད་ལས་པར་སྒུག་ནས་སྡོད་མ་དགོས་པར་ཚང་མ་སོ་སོས་བྱེད་ཐུབ་པ་ཞིག་བཟོ་ཐབས་ཆེད་ཡིན། ཟབ་སྦྱོང་འདི་བརྒྱུད་ང་ཚོའི་ཚན་པ་འདྲ་མིན་གྱི་ལས་བྱེད་པ་རྣམས་སོ་སོས་པར་རྒྱག་པ་དང་། པར་དེ་དག་སྒྲིག་བཟོ་བྱས་ཏེ་དྲ་རྒྱ་དང་ཚགས་ཤོག དུས་དེབ་སོགས་གསར་འགྱུར་གྱི་ཚན་པ་སོ་སོའི་ནང་ལས་དོན་ལ་མྱུར་སྤུས་ཚད་གསུམ་གྱི་ཐོག་ནས་འགོད་ཐབས་བྱ་རྒྱུ་དེ་ཡིན། དེ་རིང་སྐུ་ཉིད་ཀྱིས་ཟབ་ཁྲིད་གནང་རྗེས་སང་ཉིན་ཕྱེད་ཡོལ་ང་ཚོའི་ལས་བྱེད་རྣམས་ནས་པར་ལེགས་ཉེས་འབྱེད་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ད་ལྟ་འགྲེམས་སྟོན་འགན་འཛིན་གྱིས་ངོ་སྤྲོད་གནང་བ་ལྟར་ང་ཚོས་ཁྱེད་ཀྱི་ལག་རྩལ་དང་ཆེད་ལས་ཀྱི་རྒྱབ་ལྗོངས་ཐོག་ཡིད་ཆེས་བརྟན་པོ་ཡོད། ད་ཐེངས་ཀྱི་ཟབ་སྦྱོང་འདི་བཞིན་ལམ་ལྷོང་དང་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྐུ་ཞབས་ཌི་ཝི་ཌི་ཛིམ་མར་མེན་(David Zimmerman)ལགས་ནི་ནིའུ་ཡོཀ་(NewYork)དང་ཌ་ཨོ་སི་(Taos) མེཀ་སོ་ཁོ་(Mexico) བཅས་སུ་པར་པའི་ཕྱག་ལས་གནང་བཞིན་ཡོད། ཁོང་ལ་གཟེངས་རྟགས་མང་དག་ཅིག་ཐོབ་མྱོང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་འགྲེམས་སྟོན་ཡང་གནང་མྱོང་ཡོད། ཕྱི་ལོ་ ༢༠༡༡ ལོར་ཁོང་དང་ཁོང་གི་བཟའ་ཟླས་རྡ་སར་ཧི་མཱ་ལ་ཡའི་སྒྱུ་རྩལ་བསྟི་གནས་ཁང་ཞིག་གསར་འཛུགས་གནང་ཡོད་པ་བཅས།།