༢༠༡༤ ཟླ་ ༤ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༦ ཉིན་བཀའ་ཤག་གི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་དང་། ད་ལྟའི་བོད་ནང་གི་དབང་འཛིན་པ། ཁུལ་དང་གྲོང་ཁྱེར་ནས་ལྗོངས་དང་ཞིང་ཆེན་རིམ་པ་བར་གྱི་དཔོན་རིགས་ངོ་སྤྲོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། འགན་འཛིན་གཞོན་པ་དྲུང་འཕར་བློ་བཟང་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་ཉམས་ཞིབ་པ། དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བའི་དབུས་སུ་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དྲ་རྒྱ་གསར་བཟོ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། དེ་བཞིན་དཔེ་དེབ་ཕྱོགས་སྒྲིག་དང་དཔར་བསྐྲུན་སྐོར་ངོ་སྤྲོད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས ་དྲ་རྒྱ་(tibetpolicy.net) དབུ་འབྱེད་གནང་ཡོད། དེ་རྗེས་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་ནས་དྲ་རྒྱའི་ནང་དོན་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་བསྟུན། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་གནང་དོན།
དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་ཞུ་རྒྱུ་ཡིན། གོང་དུ་གསུངས་པ་ལྟར་འབྲེལ་ཡོད་ཚང་མས་འགན་ཁུར་ཆེན་པོ་བཞེས་པའི་ཐོག་ནས་ཕྱག་ལས་ཧ་ཅང་ཡག་པོ་གནང་འདུག་པ་མ་ཟད། ཉམས་ཞིབ་གནང་མཁན་རྣམས་ཀྱི་སྒེར་གྱི་དགོངས་ཚུལ་གང་ཡོད་པ་རྣམས་དང་ཚོགས་འདུ་ཁག་ལ་ཕེབས་པའི་ལས་བསྡོམས་རྣམས་དྲ་རྒྱའི་ནང་གང་ཙམ་ཡོད་སྐོར་གསུངས་ཡོད། ཐེངས་འདིའི་དྲ་རྒྱའི་མིག་དཔེ་བཞག་ས་འདི་རྒྱལ་སྤྱི་དང་རྒྱ་གར་ནང་གི་སྲིད་བྱུས་ཉམས་ཞིབ་ཁང་ཚོས་ལས་དོན་སྤེལ་ཕྱོགས་རྣམས་རྩ་འཛིན་གནང་ནས་གང་ཐུབ་ཀྱི་ཚད་དང་ལྡན་པ་ཞིག་བཟོ་སྒྲིག་གནང་རྒྱུར་འབད་བརྩོན་གནང་འདུག་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། གོང་དུ་བརྗོད་པ་ལྟར་ད་བར་སྲིད་བྱུས་ཉམས་ཞིབ་ཁང་གིས་ཚོགས་བསྡུ་གོ་སྒྲིག་གནང་བ་དེ་དག་ཕལ་ཆེ་བ་ཚིག་ཐོ་མར་ཕབ་ནས་དེ་དག་ཐམས་ཅད་འདིར་བཞག་ཡོད། དེ་བཞིན་རྙན་འཕྲིན་བརྒྱུད་ནས་རེད། བརྙན་འཕྲིན་གཟིགས་རྒྱུ་མ་བྱུང་བ་ཡིན་ནའང་རྗེས་སུ་སྟོན་རྒྱུ་ཡོད་པ་བྱས། དེ་བཞིན་དྲ་རྒྱ་འདི་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་ཡིན་དུས་ཕལ་ཆེར་ང་ཚོ་བོད་པ་ཡིན་ནའང་རེད། ཕྱི་རྒྱལ་ཡིན་ནའང་རེད། རྒྱལ་སྤྱིའི་སྡེང་ཆའི་ཐོག་ནས་ཡིན་ནའང་རེད། རིམ་བཞིན་ང་ཚོའི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་འདི་བརྒྱུད་ནས་བོད་དོན་དང་ལྷག་པར་དུ་བདེན་པའི་གནས་ཚུལ་གང་ཡིན་པ་གསལ་སྟོན་བྱེད་ཐུབ་རྒྱུའི་རེ་བ་ཡོད། གང་ཡིན་བརྗོད་ན་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་སོང་བཏང་ནས་རྒྱ་ནག་གཞུང་གིས་བཅོས་པའི་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་གཏམ།
ལྷག་པར་རང་ལུས་མེར་སྲེག་སྐོར་འཁྱོག་བཤད་ཧ་ཅང་དྲིལ་བསྒྲགས་རྒྱ་ཆེ་བྱས་དང་བྱེད་མུས་ཡིན་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ནང་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཡིད་ཆེས་བསླེབས་པ་དེ་འདྲ་ཡོང་བཞིན་ཡོད། གཞི་རྩའི་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་བ་ལྟར་ང་ཚོར་མི་རྒྱུའི་ཆ་རྐྱེན་དེ་ཙམ་མེད་ཀྱང་། བདེན་པ་ང་ཚོར་ཡོད་སྟབས་ང་ཚོས་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ལན་འདེབས་བརྒྱབ་ནས་བདེན་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་གང་ཐུབ་སྤེལ་ཐུབ་པ་བྱ་རྒྱུ་ང་ཚོའི་ལས་འགན་ཡིན། དེར་བརྟེན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཐེངས་འདིར་དྲ་རྒྱ་འདི་བརྒྱུད་ནས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཉིན་རེའི་གསར་འགྱུར་ཙམ་མིན་པར་དེ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱ་ནག་གཞུང་གིས་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཆོས་དད་རང་དབང་། ཤེས་ཡོན་དང་། ཕྱོགས་ཡོངས་ཀྱི་སྲིད་བྱུས་གང་སྤེལ་བ་རྣམས་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་རྣམས་ཀྱིས་བདེན་པ་གང་ཡིན་ར་སྤྲོད་གསལ་སྟོན་ཆེད་སྐུ་ལས་བརྒྱབ་ནས་གནས་ཚུལ་རྣམས་གང་ཐུབ་ཅི་ཐུབ་བདུན་རེའམ་ཡང་ན་ཟླ་རེའི་མཚམས་སུ་དྲ་རྒྱའི་ཐོག་ཐོན་ཐུབ་ཚེ་མ་མཐར་བོད་པའི་སྤྱི་ཚོགས་ནང་བདེན་རྫུན་དང་དཀར་ནག་གང་ཡིན་དབྱེ་འབྱེད་ཐུབ་རྒྱུར་ཕན་ཐོགས་ཡོད། ལྷག་པར་དུ་རྒྱལ་སྤྱིའི་ཐོག་ནས་གསར་འགོད་པ་དང་མཁས་པ་སུ་རུང་ལ་ཕན་ཐོགས་ཡོང་རྒྱུར་ཡིད་ཆེས་ཞུ་རྒྱུ་ཡིན། ལོ་ཉི་ཤུ་སྔོན་ལ་ཡིན་ན་གསར་ཤོག་ཁོ་ན་དར་ཡོད།
དེང་སྐབས་དྲ་རྒྱའི་བརྒྱུད་ལམ་ཁག་ནས་གཞོན་སྐྱེས་ཚོས་དོ་སྣང་ཧ་ཅང་བྱེད་བཞིན་ཡོད། དཔེར་ན་ཨ་རིའི་བདུན་རེའི་གསར་ཤོག་ (News Week) གྲགས་ཅན་ལྟ་བུར་མཚོན་ན་འཛམ་གླིང་ཡོངས་ལ་སྙན་གྲགས་ཆེ་བའི་དུས་དེབ་གཅིག་ཆགས་ཡོད། འོན་ཀྱང་བར་སྐབས་ཤིག་ལ་མཚམས་འཇོག་བྱེད་དགོས་ཐུག་ཡོད། འོན་ཀྱང་ཕྱིས་སུ་བསྐྱར་གསོ་བྱས་ཡོད། གང་ཡིན་བརྗོད་ན་དྲ་རྒྱའི་ལམ་ནས་བསྐྱར་གསོ་བྱས་ཚེ་ཁེ་ཕན་ཧ་ཅང་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད། དེར་བརྟེན་ང་ཚོས་ཀྱང་དྲ་རྒྱ་བརྒྱུད་ནས་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྱོགས་མཚུངས་སྐབས་དང་དུས་ལ་དེབ་གཟུགས་ལམ་ནས་དྲིལ་བསྒྲགས་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། སྤྱི་ཡོངས་ནས་སྲིད་བྱུས་ཉམས་ཞིབ་ཁང་འགོ་བཙུགས་ནས་དུས་ཚོད་དེ་ཙམ་འགྲོ་གྱི་མེད་ཀྱང་ད་བར་གྲུབ་འབྲས་སོན་པའི་ཕྱག་ལས་གང་ཙམ་གནང་ཐུབ་ཡོད། སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་མང་ཆེ་བར་ཨི་ཊ་ལིར་རྟེན་གཞི་བྱས་པའི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་དང་བོད་མིའི་སྒྲིག་འཛུགས་ཟུང་འབྲེལ་ཐོག་ནས་བདུན་ཕྲག་གསུམ་རིང་སྦྱོང་བརྡར་ཕུལ་ཡོད། དེ་བཞིན་ཕྱི་ནས་ང་ཚོའི་གྲོགས་པོ་རྙིང་པ་མཁས་དབང་གྷེབ་རེལ་ལ་ཕི་ཏི་མཆོག་ལྟ་བུ་ཡིན་ན། ལོ་ལྟར་འདིར་ཕེབས་ནས་དུས་ཚོད་བསྟངས་ནས་ཉམས་ཞིབ་གནང་སྟངས་སྐོར་སློབ་སྟོན་གནང་བཞིན་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ཀྱིས་རིམ་བཞིན་རྒྱལ་སྤྱིའི་ཉམས་ཞིབ་པ་གཞན་དང་འབྲེལ་བ་གནང་རྒྱུའི་འབད་བརྩོན་གནང་མུས་ཡིན། རྒྱ་གར་དང་རྒྱལ་སྤྱིའི་ཚོགས་འདུ་ཁག་ནང་མཉམ་བཞུགས་གནང་རྒྱུ་དང་ལྷག་པར་དུ་དྲུང་ཆེ་བསམ་འཕེལ་ལགས་ཀྱི་ཆེད་རྩོམ་དེ་འདྲ་ཕྱི་རྒྱལ་གསར་ཤོག་ཧ་ཕིན་ཊོན་དང་དེ་བཞིན་ཨེ་ཤི་ཡའི་དུས་བབ། དེ་བཞིན་རྒྱ་གར་གསར་ཤོག་སོགས་ནང་ཐོན་ཡོད། དེ་བཞིན་འབར་བཞིན་པའི་བོད་ཅེས་པའི་རྩོམ་འདི་ཨ་རིའི་དུས་བབ་གསར་ཤོག་དང་ནིའུ་ཡོཀ་དུས་བབ་ནང་ཐོན་ཡོད། དེར་བརྟེན་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དཔྱད་གཏམ་ལ་དོ་སྣང་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། ཅེས་གསུང་བཤད་གནང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་དབང་འཛིན་པ། ཁུལ་དང་གྲོང་ཁྱེར་ནས་ལྗོངས་དང་ཞིང་ཆེན་རིམ་པ་བར་གྱི་དཔོན་རིགས་ངོ་སྤྲོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་། དེ་ནས་དཔེ་དེབ་རྩོམ་སྒྲིག་པ་འཕགས་པ་ཚེ་རིང་ལགས་དང་སློབ་སྟོན་པ་དྲུང་འཕར་བློ་བཟང་ལགས་ནས་དཔེ་དེབ་དེ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་རྗེས་སྲིད་སྐྱོང་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུངས་བཤད་གནང་མཐར་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་ལེགས་པར་གྲུབ།