༢༠༡༤ ཟླ་ ༤ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༨ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། མཁན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པ་དང་སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། སློབ་ཕྲུག་རྣམ་པར་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་ཚང་མས་མཁྱེན་གསལ་རེད། ཉེ་ཆར་བོད་ནང་རང་ལུས་མེར་སྲེག་བཏང་གནང་མཁན་གཉིས་བྱུང་ཡོད། རང་ལོ་སུམ་ཅུ་སོ་གྲངས་ཡས་མས་ཤིག་ལ་སོན་པའི་བཙུན་མ་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་འབའ་ཐང་ཁུལ་དུ་རང་ལུས་མེར་སྲེག་བཏང་སྟེ་ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་ཆགས་ཁ་གསལ་ཞུ་ཐུབ་རྒྱུ་མི་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་དཀར་མཛེས་ཁུལ་རྟའུ་རྫོང་ཁོངས་གང་གསར་ཤང་གི་ཉེ་འགྲམ་དུ་རང་ལོ་ ༣༢ ལ་སོན་པའི་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ད་ལྟ་བར་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་ ༡༡༢ བྱུང་ཡོད་པ་ཁོང་རྣམ་པས་གཞན་ལ་གནོད་འཚེ་མ་བྱས་པའི་ཐོག་རང་ཉིད་ཀྱི་རྩ་ཆེན་ལུས་སྲོག་བློས་བཏང་གནང་ཡོད། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གི་གནས་ཚུལ་དེ་དག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ཐོག་ནས་བྱུང་བ་རེད། ཅེས་སྐྱོན་བརྗོད་ཆེན་པོ་བྱེད་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་རེད། འོན་ཀྱང་ཉེ་ཆར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་ནང་རང་ལུས་མེར་སྲེག་བཏང་དགོས་དོན་ནི་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་ཆོས་དད་རང་དབང་མེད་པའི་རྐྱེན་གྱིས་ཡིན་པ་དང་། དེ་དང་ཆབས་ཅིག་བོད་ནང་ཁོར་ཡུག་གཏོར་བཤིག་དང་མི་རིགས་དབྱེ་འབྱེད་བྱས་པ་སོགས་ལ་བརྟེན་ནས་རེད་ཅེས་བཀོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་གསུངས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་འགྲེལ་བརྗོད་བྱེད་བཞིན་པ་གཉིས་གཅིག་མཚུངས་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོའི་བདེན་པར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་རེད། དེ་བཞིན་བོད་སྡེ་དགེ་ཁུལ་ནས་བོད་མི་ན་གཞོན་གཅིག་གིས་ཁྲོམ་སྐོར་བྱས་རྗེས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཡང་ཐོན་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བལ་ཡུལ་དང་འབྲེལ་བའི་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་། བལ་ཡུལ་ལ་ཡོད་པའི་བོད་མི་ཚོར་བལ་ཡུལ་གཞུང་གིས་དམིགས་བསལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་ནང་ཕེབས་མཁན་ཚོར་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན། རྒྱ་གར་ནང་བོད་ནས་ཕེབས་མཁན་ཉུང་དུ་འགྲོ་བཞིན་ཡོད། ཅེས་སྙན་ཐོའི་ནང་འཁོད་ཡོད། སྙན་ཐོ་དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དང་སྐད་གྲགས་ཆེན་པོ་བྱུང་འདུག དཔེར་ན། ཨ་རིའི་གསར་ཤོག་གྲགས་ཅན་ནིའུ་ཡོཀ་དུས་བབས་(New York Times) ནང་བཏོན་ཡོད་པ་མ་ཟད། གསར་ཤོག་གི་ལངས་ཕྱོགས་ཐོག་ནས་བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་གི་གང་ཟེར་བ་དེ་བྱེད་ཀྱི་འདུག ཅེས་སྐྱོན་བརྗོད་བྱས་འདུག དེ་བཞིན་(The Economic Times) ཚགས་ཤོག་ཁག་མང་ཆེ་བས་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་དང་། བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ཉུང་དུ་འགྲོ་དགོས་དོན་ནི་བལ་ཡུལ་གཞུང་གི་ངོས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་བཀོད་ཡོད། ཉིན་ཤས་གོང་དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་དམ་བསྒྲགས་ཡོད་སྐོར་སྐྱོན་འཛུགས་ཤུགས་ཆེ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་དང་དབྱིན་ཡུལ་གྱི་གཞུང་དབར་ལོ་རེར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལྷན་ཚོགས་འཚོགས་རྒྱུ་གཏན་འཁེལ་ཟིན་ཡང་ད་ལོའི་ལྷན་ཚོགས་ཚོགས་ཀྱི་མིན་ཞེས་བརྗོད་ཡོད། བོད་ནང་དམ་བསྒྲགས་ཤུགས་ཆེ་ཡོད་པ་དང་བལ་ཡུལ་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པ་དེ་རྒྱལ་སྤྱིའི་ངོས་ནས་དོ་སྣང་དང་སྙན་ཐོའི་ནང་འགོད་ཀྱི་ཡོད་པ་གསལ་པོ་རེད་འདུག་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།།