༢༠༡༤ ཟླ་ ༤ ཚེས་ ༡ རེས་གཟའ་མིག་དམར།
༄༅། འདི་གར་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན།
ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་ས་གནས་སུ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷལ་རྡིབ་སིང་ཏོ་མར་ལགས་དང་། སིར་མོར་རྫོང་གི་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གྷི་ཏ་རམ་ཁྲ་ཀུར་ལགས། སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་གདན་ཞུས་ཀྱིས་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་གྲོང་གསེབ་ཁག་དྲུག་ཙམ་ནས་འགོ་དཔོན་དང་འཐུས་མི། ཧིན་བོད་མཛའ་ཚོགས་ཀྱི་ཚོགས་མི། བུད་མེད་ཚོགས་པའི་ཚོགས་གཙོ་ཁག སློབ་གྲྭའི་དགེ་རྒན། ཚོང་པ། རྡོ་གཏེར་སྦྱིན་བདག ལས་བྱེད་སོགས་མི་གྲངས་ ༦༠ ལྷག་ཙམ་ལ་བོད་དོན་དང་འབྲེལ་བའི་གོ་རྟོགས་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བ་མ་ཟད། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་མཐུན་འགྱུར་འོག་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་འགྲེམས་སྤེལ་ཞུས།
༢། ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་དམར་པོའི་གཞུང་གིས་བོད་དང་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་རྒྱུན་འཁྱོངས་ལ་ཞི་རྒོལ། ལྷག་པར་བོད་བསྟན་སྲིད་མི་རིགས་དང་། རང་དབང་བཅས་སྲུང་སྐྱོབ་ཆེད་རང་ལུས་མེར་སྲེག་གནང་མཁན་དང་།བཙོན་འཇུག་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་།
༣། ལྷག་པར་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་ཤཱ་མ་གྲོང་གསེབ་ཀྱི་སྡོད་ཁང་མང་པོ་ཆར་ཆུའི་ཤུགས་རྐྱེན་ཕོག་སྟེ་གནོད་སྐྱོན་ཚབས་ཆེ་བྱུང་སྟེ་ཧ་ཅང་དཀའ་ངལ་དང་ཛ་དྲག་ངང་གནས་བཞིན་པའི་སྐབས་དེར་རྒྱ་གར་དཔོན་རིགས་རྣམས་ནས་ཡུལ་མི་ཚོར་སྡོད་གནས་མཐུན་འགྱུར་ཡོང་བའི་འབོད་སྐུལ་གནང་བར་བརྟེན། སྒ་པ་བདེ་དོན་ཚོགས་པས་ས་གནས་བོད་མིའི་སློབ་གྲྭའི་འཛིན་ཁང་དང་། ཉལ་ཁང་། ལས་ཤག ཐབ་ཚང་། གཞན་ཁང་སྟོང་བཅས་ནང་ཡུལ་མི་ཚོའི་གནས་ཚང་ཆེད་གཡར་ཡོད།
༤། དེ་བཞིན་དཔལ་ལྡན་བཀའ་ཤག་གིས་དགོངས་བཞེས་ལྟར། རྒྱ་གར་ཡུལ་མིས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་དེབ་སྔོན་པོའི་ལས་གཞི་བརྒྱུད་བློ་བཅད་ཞལ་འདེབས་བསྡུ་རྒྱུའི་ལས་འགུལ་རྒྱ་ཆེ་སྤེལ་ཏེ་རྩིས་ལོ་འདིའི་ནང་ཡུལ་མི་གྲངས་ ༣༧ གྱིས་མཉམ་ཞུགས་གནང་སྟེ་ཞལ་འདེབས་བྱུང་བ་རྣམས་དཔལ་འབྱོར་ལས་ཁུངས་སུ་ཕུལ་ཡོད།
༥། ཕྱི་ཟླ་ ༤ ཚེས་ ༩ ནས ༡༡ བར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། འཇིགས་མེད་འབྱུང་གནས་ལགས་རྣམ་གཉིས་ས་གནས་སུ་འཚམས་གཟིགས་དང་སྦྲགས་གྲོས་ཚོགས་ཚོགས་འདུ་ལྔ་པའི་སྐབས་གནད་དོན་གལ་ཆེའི་ཁོངས་ནས་སྔོན་རྩིས་སྐོར་དང་། གདུང་སེམས་མཉམ་སྐྱེ་ཀྱིས་གྲོས་ཆོད། བོད་ནང་གི་ཛ་དྲག་གནས་སྟངས། ཤེས་རིག་སློབ་ཡོན་གནང་ཕྱོགས། དེ་སྔོན་འཚམས་གཟིགས་སྐབས་མང་ཚོགས་ཀྱི་བདེ་སྡུག་སྙན་ཞུ་ཁག་ལ་ཕྱག་བསྟར་ཇི་གནང་སོགས་ཀྱི་ལམ་སྟོན། དེ་བཞིན་སྒ་པ་བདེ་དོན་ཚོགས་པའི་དེབ་སྐྱེལ་དང་འཛིན་སྐྱོང་སྐོར་ལམ་སྟོན། གཞན་ཡང་སྒ་པ་བདེ་ཚོགས་ཀྱི་ཁྱབ་ཁོངས་ས་ཊོན་དང་རཱཇེ་བྷན་ས་ཆ་ཁག་ལ་གཟིགས་ཞིབ་གནང་ཡོད།
༦། ཕྱི་ཟླ་ ༤ ཚེས་ ༡༩ ཉིན་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་སྙིང་བསྡུས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་མང་ཚོགས་ལ་གསུང་བཤད་གནང་།
༧། ས་གནས་འཐུས་ཚོགས་སྐབས་ལྔ་པའི་ཚོགས་ཐེངས་གསུམ་པ་དང་བཞི་པ་བསྐོང་ཚོགས་སྐབས་ས་གནས་འགོ་འཛིན་ལས་ཁང་གིས་ལས་བསྡོམས་དང་། ས་འགོ་དང་སྒ་པ་བདེ་ཚོགས་ཀྱི་རྒྱུན་གྲོན་དང་ཟུར་བཀོལ་འཆར་འབུལ་ཟིན་པ་དང་བཀའ་འཁྲོལ་ཐོབ་པ་ཁག་ཡིག་ངག་གཉིས་ཐོག་ནས་སྙན་སེང་དང་། ས་འགོའི་རྩིས་ལོ་ ༢༠༡༤་་་༢༠༡༥ ལོའི་ཡོང་འབབ་སྔོན་རྩིས་དང་ལས་གཞི་ཁག་གི་རོགས་དངུལ་ཞུ་ལེན་ཆོག་པའི་བཀའ་འཁྲོལ་ཞུས། ས་འཐུས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ ༡༢ དང་། ཐུགས་སྣང་བཞེན་བསྐུལ་ ༡༣ བཅས་ལ་ཡིག་ངག་གཉིས་ཐོག་ནས་ལན་འདེབས་ཞུས། ས་འཐུས་ཚོགས་ཐེངས་གསུམ་པའི་སྐབས་གཞིས་ཆགས་དང་ས་གནས་འཐུས་མིའི་སྒྲིག་གཞི་བསྐྱར་བཅོས་སྐབས་མཉམ་ཞུགས་བྱས་ཡོད།
༨། ཕྱི་དྲིལ་ལས་ཁུངས་ནས་མང་ཚོགས་ལ་ཆབ་སྲིད་གོ་རྟོགས་སྤེལ་སླད་བོད་མིའི་རང་དབང་གསར་ཤོག་དང་། ཤེས་བྱ་དུས་དེབ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དུས་ནས་དུས་སུ་འགྲེམས་སྤེལ་གནང་བ་ཁག་ཁྱབ་ཁོངས་མང་ཚོགས་ལ་གང་ཡོད་དྲིལ་བསྒྲགས་ཞུ་བཞིན་ཡོད་པས་ཕན་ཐོགས་ཆེན་པོ་འདུག
༩། ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགིང་གྲངས་ ༧༨ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ཞུས། སྐབས་དེར་རྒྱ་གར་སྐུ་མགྲོན་རྣམས་ལ་གསོལ་སྟོན་ཕུལ་བ་དང་སྦྲགས་༸གོང་ས་མཆོག་གི་མཛད་རྣམ་སྐོར་དཔེ་དེབ་ཕྱག་རྟགས་སུ་ཕུལ།
༡༠། ཕྱི་ཟླ་ ༧ ཚེས་ ༡༤ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་རྐྱེ་དགོན་བརྩེ་ཆེན་བསམ་གྲུབ་གླིང་དུ་མཆོད་མཇལ་དང་། ས་གནས་འགོ་འཛིན་ལས་ཁུངས་སུ་ཐུགས་ཞིབ་གནང་རྗེས་མི་མང་ཚོགས་ཆེན་སྐབས་ཐོག་མར་ས་གནས་འགོ་འཛིན་གྱིས་འཚམས་ཞུ་དང་ངོ་སྤྲོད་ཞུས་ཏེ་གཞིས་ཆགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་ཡོན་དང་། ཆབ་སྲིད། འཛིན་སྐྱོང་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་། སྐབས་དེར་ནང་སྲིད་དྲུང་ཆེ་ཡང་ལྷན་བཅར་ཡོད།
༡༡། ཕྱི་ཟླ་ ༨ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་མཛད་འཁུར་དམ་འབུལ་བཞེས་ཏེ་ལོ་གཉིས་ཧྲིལ་པོ་འཁོར་བའི་དུས་ཚིག་དང་བསྟུན་ཆུ་ཚོད་ ༡༢ བར་མཆོད་འབུལ་སྨོན་ལམ་གསུང་འདོན་དང་། མ་ཎི་གསོག་སྒྲུབ་ཞུས། ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་བོད་ཁྱིམ་དུ་ནང་སྤྲོད་ངོ་སྤྲོད་གནང་བའི་བརྙན་འཕྲིན་བསྟན་ཡོད།
༡༢། ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་ལྗོངས་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༣ འཁོར་བའི་དུས་དྲན་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས།
༡༣། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༧ ཉིན་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་སྔོན་འགྲོའི་འོས་བསྡུ་ཉིན་མོ་དེར་འདི་གའི་ཁྱབ་ཁོངས་མདོ་སྨད་ཁྱིམ་ཚང་གཅིག་ས་གནས་སུ་དངོས་སུ་གནས་ཡོད་པར་སོང་གལ་ཆེ་དོན་ཆེ་བརྩིས་ཏེ་སྤྱི་ཡོངས་གསལ་བསྒྲགས་སྔོན་སོང་ཁར་མ་གོ་མ་ཐོས་མེད་པ་དོ་བདག་ལ་ཁ་པར་བརྒྱུད་བརྡ་ཁྱབ་ནན་དྲོང་ཞུས་ཀྱང་སོ་སོའི་རྩ་ཆེ་འགན་དབང་ལོངས་སུ་སྤྱོད་མ་ཐུབ་པ་བློ་ཕམ་དང་སྦྲགས་འོས་ཤོག་ཀྱི་གནས་སྟངས་དབུས་འོས་བསྡུ་ལས་ཁང་དུ་དེ་ཉིན་གློག་འཕྲིན་བརྒྱུད་དུས་ཐོག་ཕུལ།
༡༤། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་གསར་སྲུང་བརྩི་སྐོར་ཡོངས་ཁྱབ་གསལ་བསྒྲགས་གཞི་བཅོལ་གྱིས་ལོ་གསར་སྲོལ་རྒྱུན་ལྟར་སྲུང་བརྩི་ཞུས་ཡོད་པ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སུ།
༡༥། སིར་མོར་རྫོང་ཁོངས་བོད་མིའི་གཞིས་ཆགས་ཁག་ནས་གསུམ་བཅུ་དུས་དྲན་ཐེངས་ ༥༥ ནཱ་ཧན་ས་གནས་སུ་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་འགོ་འཛུགས་ཀྱི་བོད་མི་གྲངས་ ༢༣༠ ཙམ་ནས་རྔམ་སྟོན་ཁྲོམ་སྐོར་དང་། འཐུས་མི་རྣམས་ནས་རྫོང་དཔོན་བརྒྱུད་རྒྱ་གར་སྲིད་བློན་མཚན་ཐོག་སྙན་ཞུ་ཕུལ། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་ཧིན་སྐད་ཐོག་མང་ཚོགས་དང་སྒྲོགས་སྦྱང་ཞུས། ཧིན་བོད་མཛའ་ཚོགས་ཀྱི་དྲུང་ཆེས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་རྗེས་མུ་མཐུད་ནཱ་ཧན་སྣུམ་འཁོར་བབས་ཚུགས་བར་ཁྲོམ་སྐོར་དང་བཀའ་སྤྱི་གཉིས་ཀྱི་གསུང་བཤད་འགྲེམས་སྤེལ་ཞུས། ཉིན་རྒྱབ་ཆུ་ཚོད་ ༤ ཐོག་སྤོན་ཊའི་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་དང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་སྒྲོགས་སྦྱང་ཞུས། དེ་རྗེས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སུ།།