༢༠༡༤ ཟླ་ ༤ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་སོ་ཏོ་ཆོས་ལུགས་ཀྱི་ (Soto Sect) རི་ནན་ཇི་དགོན་པར་ (Rinnaji Temple) ཆིབས་སྒྱུར་གྱིས་བྱམས་བརྩེ་བརྒྱུད་སྙིང་སྟོབས་སྐྲུན་ཐབས། (Strength through Compassion) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། དེ་རིང་དགོན་པའི་མཁན་པོ་དང་། དགོན་པའི་སྦྱིན་བདག ཆོས་གྲོགས་ཕོ་མོ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་ངོས་རང་འདིར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདིར་གྲ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལོ་ ༧༩ ལ་བསླེབས་ཀྱི་ཡོད། ངོས་ཀྱིས་རང་ལོ་ ༡༦ ནས་ཆབ་སྲིད་ཀྱི་འགན་འཁྱེར་བ་རེད། དེ་ནས་དུས་ཚོད་ཀྱི་དཀའ་ངལ་ཞིག་འཕྲད་དེ་གང་ལྟར་རང་དབང་བྲལ་བ་རེད། རང་ལོ་ ༢༤ ལ་སླེབས་སྐབས་ལུང་པ་བྲལ་ཏེ་དཀའ་ངལ་མང་པོ་ཞིག་འཕྲད་པ་རེད། འོན་ཀྱང་བསམ་བློ་རྒྱ་ཆེ་ས་ནས་བཏང་ན་སོ་སོའི་ལུང་པ་བྲལ་བར་བརྟེན་འཛམ་གླིང་འདི་སོ་སོའི་ལུང་པ་ལྟ་བུ་ཆགས་པ་རེད། ང་ཚོ་བོད་པར། གང་སྐྱིད་ཕ་ཡུལ། སུ་བྱམས་ཕ་མ། ཞེས་བརྗོད་སྲོལ་ཡོད། བསམ་བློ་འདི་ལྟར་གཏོང་སྐབས་ད་ལྟ་འཛམ་གླིང་འདིའི་སྟེང་བསྡད་ཡོད། འཛམ་གླིང་གི་ལུང་པ་འདྲ་མིན་ལ་གྲོགས་པོ་ཧ་ཅང་མང་པོ་ཡོད། འདི་ལྟར་བྱས་ཏེ་ངོས་ཀྱིས་མི་ཚེ་བསྐྱལ་བ་རེད།
སོ་སོའི་མི་ཚེ་འདི་དོན་དང་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་ཚེ་དོན་དང་ལྡན་པ་ནི་དངུལ་མང་པོ་དང་མིང་སྐམ་པོ་ཡོད་པ་ཙམ་གྱིས་མི་ཚེ་དོན་དང་ལྡན་པ་བརྩིས་ཀྱི་མེད། མི་ཚེ་དོན་དང་ལྡན་པ་ཟེར་བ་ནི་མིའི་སྐྱེ་བ་བླངས་པ་འདིས་མི་ལ་རྙོག་གྲ་དང་བརྡབ་གསིག་བཟོ་རྒྱུའི་ཐོག་མི་ཚེ་སྐྱེལ་ན་དགོས་འདུན་མ་ཚང་བ་རེད། མི་ལུས་ཤིག་ཐོབ་ནས་སེམས་ལྡན་སྤྱི་ཚོགས་ཤིག་(Social Animal) ནང་སྐྱེས་ཡོད་སྟབས། ང་ཚོས་ག་ཚོད་ཐུབ་ཐུབ་གཞན་ལ་ཕན་ཐོགས་བྱེད་ཐུབ་ན་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད། སོ་སོ་གཅིག་པུར་བསམ་བློ་བཏང་ནས་བསྡད་ན། མི་གཞན་ཐུག་སྐབས་དོགས་པ་བཟའ་རྒྱུས་མཚོན་མི་གཞན་ལ་སེམས་ཐག་རིང་པོ་ཆགས་ཀྱི་ཡོད། དེ་ལྟ་བུའི་ཐོག་ནས་དོགས་པ་དང་ཐེ་ཚོམ་སྐྱེས་ཀྱི་ཡོད། དེར་བརྟེན་སེམས་ནང་དངངས་སྐྲག་དང་མ་སྐྱིད་པ་ཡོང་གི་རེད། ཇི་ཙམ་གྱིས་གཞན་ཕན་གྱི་བསམ་བློ་ཡོད་ན་གཞན་དང་སེམས་ཐག་ཉེ་པོ་ཆགས་ཀྱི་ཡོད། དེ་ལྟར་ཆགས་ཚེ་སེམས་ནང་དངངས་སྐྲག་བྱེད་རྒྱུ་རང་བཞིན་གྱིས་ཉུང་དུ་འགྲོ་གི་ཡོད།
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།
ཇི་ཙམ་གྱིས་མི་གཞན་ལ་བརྣག་སེམས་དང་གནོད་སེམས་ཀྱི་བསམ་བློ་བཏང་བ་དང་། མདུན་ལ་འདྲ་ཆགས་པོ་བྱས་ཏེ་རྒྱབ་ཏུ་བསམ་བློ་གཞན་ཞིག་བཏང་ན་ཕྱི་གསལ་ནང་གསལ་ཡོང་ཐུབ་ཀྱི་མེད། ཕྱི་གསལ་ནང་གསལ་མེད་ན་ཡིད་ཆེས་སླེབ་ཀྱི་མ་རེད། ཡིད་ཆེས་མ་སླེབས་ན་གྲོགས་པོ་ཆགས་ཐབས་མེད། འཕྲོད་བསྟེན་གྱི་ཚན་རིག་པ་ཚོས་སེམས་ནང་དངངས་སྐྲག ཁོང་ཁྲོ། སེམས་ཁྲལ་མང་པོ་ཡོད་ན་གཟུགས་པོའི་(Immune System) མེད་པ་བཟོས་ཀྱི་ཡོད། ཅེས་བརྗོད་ཀྱི་འདུག གཞན་ལ་ཇི་ཙམ་བརྩེ་བ་བྱས་ན་སོ་སོའི་ལུས་པོ་བདེ་བ་དང་། སྤྱི་ཚོགས་ནང་ཡིད་ཆེས་བསླེབས་པ་བརྒྱུད། འཆམ་པོ་ཡོང་རྒྱུ། གྲོགས་པོ་མང་བཟོ་ཐུབ་ཀྱི་ཡོད། ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་ ༥༥ ཙམ་འགྲོ་བཞིན་ཡོད། དེའི་རིང་བླ་ཆེན་དང་དཔོན་ཆེན། དེ་བཞིན་ནད་པ་སྤྲང་པོ། ཚན་རིག་པ། ལྟ་གྲུབ་སྨྲ་བ། ཚོང་པ་སོགས་མི་འདྲ་མིན་ཐུག་ཡོད། ཁོང་ཚོ་ཚང་མ་གཞི་རྩའི་མི་ཡིན་པ་གཅིག་པ་ཆགས་ཡོད།
རྒྱལ་པོ་དང་།་བླ་ཆེན། དཔོན་ཆེན། སྤང་པོ། ནད་པ་སུ་ཡིན་རུང་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་རེད། དེ་བཞིན་བདེ་བ་དང་སྡུག་བསྔལ་ཞེས་པ་འདི་སྒོ་ལྔའི་ཤེས་པར་རྟེན་མཁན་གྱི་ཚོར་བ་བདེ་སྡུག་གཅིག་དང་། གཙོ་བོ་ཡིད་བློར་རྟེན་མཁན་གྱི་ཚོར་བ་བདེ་སྡུག་གཉིས་ཡོད་པ་ཚང་མ་གཅིག་མཚུངས་རེད། བླ་ཆེན་དང་དཔོན་ཆེན། སྤྲང་པོ། ནད་པ་རྣམས་མི་རེད། དེར་བརྟེན་ངོས་རང་མི་སུ་ཞིག་ཐུག་ཀྱང་ཐོག་མར་མི་དེ་ག་འདྲ་ཡོད་མེད་དང་། མི་དེའི་གཤིས་ཀ་ག་འདྲ་ཡོད་མེད་ལྟ་བཞིན་ཡོད། མི་གཤིས་སྤྱོད་བཟང་པོ་ཡོད་མཁན་ཞིག་མཐོང་ན་ལམ་སེང་སེམས་ཐག་ཉེ་པོ་ཆགས་ཀྱི་འདུག དེར་བརྟེན་རིམ་པ་དང་པོ། ང་ཚོ་ཚང་མ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ནམ་རྒྱུན་དུ་ང་ཚོས་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་ཀྱི་ཡོད།
མི་གཅིག་གྱུར་གྱི་འདུ་ཤེས་བསྟན་ན་ང་ཚོ་དང་ཁོང་ཚོ་ཞེས་པ་ཡོང་ཐབས་མེད། རིམ་པ་གཉིས་པའི་ཐོག་འགྲོ་སྐབས་ལུང་པ་དང་། མི་རིགས། སྐད་ཡིག ཆོས་དད་མི་འདྲ་བ་སླེབས་ཡོང་གི་ཡོད། མི་རིགས་དང་སྐད་ཡིག ཆོས་དད་གཅིག་མཚུངས་ཡིན་ནའང་སྤྱི་ཚོགས་ནང་དབུལ་ཕྱུག་དང་། ཤེས་ཡོན་ཡོད་མེད་སོགས་ཀྱི་དབྱེ་བ་བསླེབས་ཀྱི་ཡོད། རིམ་པ་འདིའི་ཐོག་ཕྱིན་ན་ང་ཚོ་དང་ཁོང་ཚོ་ཞེས་པ་འདི་མང་པོ་ཞིག་སླེབ་ཀྱི་རེད། ངོས་རང་ལ་ཆ་བཞག་ན། མི་སུ་ཞིག་ཐུག་ཀྱང་ངོས་རང་མི་ཞིག་ཡིན་པ་དང་མི་ཞིག་ཐུག་གི་ཡོད་བསམ་པ་མ་གཏོགས། ངོས་རང་ནང་པ་དང་། བོད་པ་ཡིན་པའི་བསམ་བློ་གཏོང་གི་མེད། གལ་སྲིད་ངོས་རང་ནང་པ་ཞིག་ཡིན་བསམ་པའི་བསམ་བློ་ཤུགས་ཆེན་པོ་བཏང་བ་དང་། ལྷག་པར་ངོས་རང་སྐྱབས་མགོན་ཏཱ་ལའི་བླ་མ་ཡིན་བསམ་པའི་བསམ་བློ་བཏང་ན་མི་གཞན་ནས་ཁ་བྲལ་འགྲོ་གི་རེད། ངོས་རང་སྟོན་པ་སྐུ་དངོས་ཡིན་(Living Buddha) བརྗོད་དེ་རྫིག་པོ་བྱས་ནས་བསྡད་ན་སོ་སོས་སོ་སོར་མགོ་སྐོར་བཏང་བ་རེད།
ངོས་ཀྱིས་ནམ་རྒྱུན་ཆོས་ལུགས་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་སོགས་ཤོད་ཀྱི་ཡོད་པ་དེ་དག་ཧ་ཅང་ཡག་པོ་རེད། ཅེས་བརྗོད་བཞིན་ཡོད། བསམ་བློ་གཟབ་གཟབ་བྱས་ནས་མ་བཏང་ན་ཆོས་ལུགས་ཞེས་པ་འདི་ཁ་གཏིང་མི་ཚོད་པ་ཞིག་ཆགས་ཀྱི་ཡོད། ཁ་ནས་ཧ་ཅང་འདྲ་ཆགས་པོ་བཤད་ཀྱང་དོན་ལ་མི་ཕལ་པ་རང་དུ་སྡོད་རྒྱུ་ཞིག་ཆགས་ཀྱི་ཡོད། ངོས་རང་ཆུང་དུས་སྐབས་འདི་ལྟར་གོ་མྱོང་ཡོད། ཐེངས་ཤིག་དབྱིན་ཇི་གཅིག་གཙང་པོ་ཞིག་གི་འགྲམ་ལ་དེབ་ཅིག་ཀློག་ནས་བསྡད་ཡོད། ཆུ་བརྒལ་རོགས་ཤིག་ཡོད་པ་དེ་ཆུ་བརྒལ་སྐབས་ཆུས་ཁྱེར་བ་རེད། དབྱིན་ཇི་དེ་ད་དུང་དེབ་ཀློག་ནས་བསྡད་པ་མ་གཏོགས། ཆུས་ཁྱེར་བའི་མི་དེར་དོ་སྣང་ཙམ་ཡང་བྱས་མེད། མི་གཞན་ཞིག་དེར་བསླེབས་ནས་མི་ཞིག་ཆུས་ཁྱེར་སོང་། ཁོང་སྐྱོབས་རོགས་མ་བྱེད་དམ་ཞེས་འདྲི་སྐབས། ང་ལ་ངོ་སྤྲོད་བྱུང་མ་སོང་ཞེས་བརྗོད་ཡོད།
ངོས་རང་གོང་ད་གིན་སློབ་གྲྭའི་ཕྲུག་གུ་ཚོར་ཐུག་སྟེ་སྐད་ཆ་ཤོད་སྐབས་སློབ་ཕྲུག་ཁ་ཤས་ཧ་ཅང་རྫིག་པོ་བྱས་ནས་བསྡད་འདུག ཁ་ཤས་གད་མོ་གད་ཀྱང་ཀཡང་ནས་བསྡད་འདུག ངོས་ཀྱིས་ཁོང་ཚོར་ཁྱེད་རང་ཚོ་དེ་ཙམ་གྱི་སྒམ་པོ་མ་བྱེད། ང་ཚོ་མི་ལ་གད་མོ་གད་རྒྱུའི་ཁྱད་ཆོས་ཤིག་ཡོད། མིར་གད་པོ་གད་ནས་སོ་བསྟན་ན་ཁྱད་ཆོས་དེ་ཚང་བ་རེད། མིར་གད་མོ་གད་རྒྱུའི་ཁྱད་ཆོས་ཡོད་པ་དེ་བེད་སྤྱོད་མ་བྱས་པར་ཛ་དྲག་མདོག་བྱས་ནས་བསྡད་ན་ཡག་པོ་མེད་ཅེས་བརྗོད་པ་ཡིན། ཁ་ཤས་ཀྱིས་འདི་ལྟར་ཤོད་ཀྱི་འདུག ཉི་ཧོང་པའི་མཉམ་གོ་བསྡུར་བྱས་ཏེ་བསམ་ཚུལ་བཤད་སྐབས་ཕ་རོལ་པོའི་རྣམ་འགྱུར་དེ་མགོ་ཁུག་ཙམ་ཁུག་ཙམ་བྱེད་སྐབས་མོས་མཐུན་བྱས་པ་ཡིན་ནམ་མ་བྱས་པ་ཡིན་ཤེས་ཀྱི་མི་འདུག དེར་བརྟེན་ངོས་རང་རྩ་ཆེན་པོ་ཡིན་བསམ་ནས་བསྡད་ན་གྱོང་ང་རང་ལ་རག་གི་ཡོད། མང་ཚོགས་ནས་ཁ་ཁ་ཆགས་ཀྱི་ཡོད། སོ་སོས་འདྲ་ཆགས་པོ་དང་རྫིག་པོ་བྱས་ནས་བསྡད་ན། སེམས་ནང་དངངས་སྐྲག་སྐྱེས་ཀྱི་ཡོད། མི་དང་མི་སྐད་ཆ་བཤད་ཀྱི་ཡོད་བསམ་དུས་སེམས་ནང་དངངས་སྐྲག་མ་སྐྱེས་པར་ལྷོད་པོ་སྡོད་ཐུབ་ཀྱི་ཡོད།
སྔ་མོ་ངོས་རང་ཆུང་དུས་ངོས་རང་ཉིད་རྫིག་པོ་ལྟ་བུ་བརྩིས་དུས་དངངས་སྐྲག་བསླེབས་ཀྱི་འདུག ཁྱིམ་ཚང་གཅིག་གི་ནང་སྐད་ཆ་བཤད་ཀྱི་ཡོད་བསམས་ན་དངངས་སྐྲག་ཁྱོ་ནས་བསླེབས་ཀྱི་མེད། མི་དང་མིའི་འབྲེལ་བ་བསླེབས་ཀྱི་ཡོད། དེའི་འབྲས་བུ་ལ་བརྟེན་ནས་གྲོགས་པོ་ཆགས་ཀྱི་ཡོད། གྲོགས་པོ་དགོས་ཀྱི་ཡོད། ཁྱེད་རང་ཚོར་དགྲ་འདོད་མཁན་ཡོད་དམ་ཞེས་དྲིས་ན་སུ་ཞིག་ནས་ཀྱང་དགྲ་འདོད་ཀྱི་མེད། ཚང་མས་གྲོགས་པོ་འདོད་ཀྱི་ཡོད། འོན་ཀྱང་དངུལ་དང་ཤེས་ཡོན་ཁོ་ནས་གྲོགས་པོ་བཟོ་ཐུབ་ཀྱི་མེད། གྲོགས་པོ་ཞེས་པ་དེ་སེམས་ནས་བརྩེ་བ་ཡོད་ན་གྲོགས་པོ་ཆགས་ཀྱི་ཡོད། དགྲ་དང་གཉེན་ཟེར་རྒྱུ་དེ་རིམ་པ་གཉིས་པ་ཁོང་ཚོ་ཟེར་བའི་སྐབས་ཡོང་གི་ཡོད། མི་དུང་ཕྱུར་བདུན་ཅུ་ཚང་མ་མི་གཅིག་གྱུར་ཡིན་བསམས་ན་དགྲ་དང་གཉེན་གྱི་གཞི་རྩ་ཆགས་ཀྱི་མེད། དཔེར་ན། མ་ལེ་ཤི་ཡའི་གནམ་གྲུ་གར་སོང་ཆ་མེད་ཕྱིན་པ་དེའི་ནང་གི་མི་གཅིག་མི་མེད་པའི་ས་ཆ་གཅིག་ལ་ལྷག་ཡོད་པ་དང་། དེ་འདྲ་གཅིག་ལ་མི་ཞིག་ཐུག་ན་ཁོས་མི་གཅིག་འདུག་བསམས་ནས་སེམས་ནང་དགའ་སྣང་སྐྱེད་ཀྱི་རེད། མི་དེའི་ལུང་ཚན་དང་སྐད་ཡིག་སོགས་གང་ཡིན་མིན་བསམ་བློ་གཏོང་གི་མ་རེད། དེར་བརྟེན་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་པའི་ཐོག་ནས་སྐྱེས་པའི་བརྩེ་བ་དེ་ཕྱོགས་རིས་མེད་པའི་བྱམས་བརྩེ་རེད།
རིམ་པ་གཉིས་པ། ང་དང་ཁྱོད་ཅེས་དབྱེ་འབྱེད་བྱས་པའི་ཐོག་བརྩེ་བ་ཞིག་བསམ་བློ་བཏང་ཡང་། སོ་སོའི་གཉེན་དང་མཐུན་པའི་ཕྱོགས་ལ་བརྩེ་བ་སླེབ་ཀྱི་ཡོད། ཕྱོགས་ལྷུང་ཅན་གྱི་བརྩེ་བ་ཡོད་ས་དེར་སྡང་སེམས་ཡོང་གི་ཡོད། སོ་སོའི་དགའ་པོ་དང་མཐུན་པའི་ཕྱོགས་དེར་བརྩེ་བ་ཡོད་པ་དང་། ཕྱོགས་ལྷུང་ཅན་གྱི་བརྩེ་བ་ཡོད་ས་དེར་སྡང་སེམས་ཡོང་གི་ཡོད། སོ་སོའི་དགའ་པོ་ཡོད་སའི་ཁུངས་དེར་བརྩེ་བ་བསླེབས། ཁོང་ཚོ་ཟེར་སའི་ཕྱོགས་ལ་དོགས་པ་དང་། བརྣག་སེམས། གནོད་སེམས་ཡོང་གི་ཡོད། ང་ཚོར་དགོས་པའི་བྱམས་བརྩེ་ནི་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་འོག་ནས་བརྩེ་བ་དེ་ཡིན། ང་རང་ཚོ་ཨ་མས་ཁོག་པ་ནས་སྐྱེས་པ་དང་ཨ་མའི་ནུ་ཞོས་ང་ཚོ་འཚོ་བ་རེད། ང་ཚོའི་མི་ཚེའི་འགོ་སྟོད་དེར་ཇི་ཙམ་གྱིས་མའི་བརྩེ་བ་ཡོད་པ་དེ་ཙམ་གྱི་ཕྲུ་གུ་དེ་སྐྱིད་པ་ཡོད། ཨ་མ་དང་ཁ་བྲལ་བ་དང་། ཡང་འདོད་པ་མེད་པའི་ཕྲུ་གུ་ལྟ་བུ་ཆགས་ན་ཏན་ཏན་ཕྲུ་གུ་དེའི་སེམས་ནང་མ་སྐྱིད་པ་ཤུགས་ཆེན་པོ་ཡོད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ཚེ་སྟོད་ཀྱི་མའི་བྱམས་བརྩེ་ཡོད་པ་དེའི་མི་ཚེ་གང་པོར་སེམས་ཀྱི་གཏིང་དེར་སྤྲོ་སྣང་ཡོད་པ་དང་། འཇིགས་སྣང་ཉུང་བ་ཡོང་གི་ཡོད། མའི་བྱམས་བརྩེས་ཕོངས་པའི་ཕྲུ་གུ་དེ་རང་བཞིན་གྱིས་སེམས་ནང་དངངས་སྐྲག་དང་མི་གཞན་ལ་བརྩེ་བ་བྱེད་རྒྱུར་ཕྲན་བུར་དཀའ་ངལ་ཡོད། དེའི་རྐྱེན་པས་གཟུགས་པོ་བདེ་ཐང་ལ་ཧ་ཅང་ཁྱད་པར་ཡོད།
བྱམས་བརྩེ་ཞེས་པ་འདི་ང་ཚོའི་ལུས་པའི་གྲུབ་ཆ་དེ་གའི་སྟེང་ནས་བྱམས་བརྩེའི་ནུས་པ་ཞིག་ཡོད། བྱམས་བརྩེའི་ནུས་པ་ཡོད་པ་དེར་ཆོས་དང་རྣམ་དཔྱོད་ཤེས་རབ་ཀྱི་རྒྱབ་སྐྱོར་བྱས་ཏེ། རྣམ་དཔྱོད་ཀྱི་ཐོག་ནས་ང་ཚོས་བྱམས་བརྩེ་དེ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་མི་ཙམ་མ་ཟད། སྲོག་ཆགས་གཞན་ལའང་བྱམས་བརྩེ་སྤེལ་རྒྱུ་དེ་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་ཡོང་ཐུབ་རྒྱུ་ཞིག་ཡོད། དུད་འགྲོ་ཚོས་བྱེད་ཐུབ་རྒྱུ་མེད། དེ་ལྟ་བུའི་བྱམས་བརྩེ་འདི་མི་ཁོ་ནར་ཁྱབ་པ་ཞིག་རེད་མ་གཏོགས། ཆོས་དད་ཡོད་མཁན་རྐྱང་པའི་སྐད་ཆ་ཞིག་མིན། རིགས་གཅིག་གི་བྱམས་བརྩེ་ཞེས་པ་དེ་ཆོས་པ་ཚོས་ཉམས་ལེན་བྱེད་རྒྱུ་རེད་ཅེས་བརྗོད་མཁན་རིགས་གཅིག་ཡོད། ཆོས་ལ་དོ་སྣང་མེད་མཁན་ཚོས་ང་ཚོས་དེ་ཙམ་གྱི་དོ་སྣང་བྱེད་མི་དགོས་པ་ལྟ་བུ་ཆགས་ཡོད། དམིགས་བསལ་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ནའང་བྱམས་བརྩེ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་དེ་རྒྱ་གར་གྱི་ལྟ་གྲུབ་ནང་ཧ་ལམ་ལོ་ངོ་སྟོང་ཕྲག་གསུམ་ཙམ་གོང་ནས་ཆོས་ཚང་མར་གུས་ཞབས་བྱེད་རྒྱུ་བཤད་ཡོད། ཆོས་དད་མེད་མཁན་ཚོར་ཡང་གུས་ཞབས་བྱེད་རྒྱུ། རྒྱ་གར་གྱི་རྩ་ཁྲིམས་དེ་ཡང་(Secular)ཆོས་ལུགས་རིས་མེད་ཀྱི་ཐོག་བཞག་ཡོད། དེར་བརྟེན་རིམ་པ་དང་པོ། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་བསམ་བློ་བཏང་ན། མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མར་བྱམས་བརྩེ་དགོས་ཀྱི་ཡོད།
བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་གི་ཡོད། ཆོས་ལ་དད་པ་ཡོད་མཁན་མང་པོ་ཡོད་ཀྱང་མི་དུང་ཕྱུར་བཅུ་ལྷག་ཆོས་ལ་དད་པ་མེད། དེ་དག་ལའང་ཁྱབ་པ་ཞིག་དགོས་པར་བརྟེན་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་(secular ethics)ཐོག་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མི་མང་པོ་ཞིག་གིས་བྱམས་དང་སྙིང་རྗེ་དེ་ཆོས་དང་འབྲེལ་བ་ཡོད་པ་ཞིག་ལ་རྩི་བཞིན་ཡོད། ཆོས་ལ་དད་པ་མེད་ན་དེར་དམིགས་བསལ་དོ་སྣང་མི་བྱེད་རྒྱུ་དེ་ནོར་འཁྲུལ་རེད། ཆོས་ལ་དད་པ་བྱས་མ་བྱེད་སོ་སོའི་རང་དབང་རེད། ཆོས་ལ་དད་པ་མེད་ནའང་བྱམས་པ་དང་སྙིང་རྗེ་ཞེས་པ་དེ་མི་ཚེའི་ནང་གལ་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཡོད་པ་བཟོ་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བཟང་སྤྱོད་དེ་ཤེས་ཡོན་གྱི་སློབ་ཚན་ཁོངས་སུ་འཇོག་རྒྱུར། ཨ་རིར་སེམས་དང་སྲོག་(Mind and Life )ཅེས་པའི་ཚོགས་པ་ཞིག་བཙུགས་ནས་ལོ་སུམ་ཅུ་ཙམ་ཕྱིན་ཡོད། དེའི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད། ཡུ་རོབ་དང་རྒྱ་གར་ལའང་ལས་འགུལ་དེ་འགོ་བཙུགས་ཡོད། ཉི་ཧོང་ནང་དུའང་ཚན་རིག་པ་དང་ཐུག་ནས་ལོ་ཤས་ཕྱིན་སོང་། གནངས་ཉིན་ཁྱོ་ཊོ་གཙུག་ལག་སློབ་ཁང་ནང་ཚན་རིག་པ་ཁག་གཅིག་གདན་ཞུས་ཀྱིས་ཉིན་གཉིས་རིང་སེམས་དང་སྲོག་གི་ལྷན་ཚོགས་འཚོགས་རྒྱུ་ཡིན། ཚན་རིག་པ་དང་མཉམ་གོ་བསྡུར་བྱས་ནས་ལོ་སུམ་ཅུ་ཙམ་ཕྱིན་ཡོད།
ནང་ཆོས་དང་ཚན་རིག་དབར་འབྲེལ་བ་བྱེད་པ་མ་རེད། གང་ཡིན་ཞེ་ན། ནང་ཆོས་ཀྱི་ནང་སེམས་ཀྱི་རྣམ་གཞག་ཧ་ཅང་མང་པོ་ཡོད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་སེམས་ལ་སྦྱོང་བརྡར་སྤྲད་ནས་སེམས་རྒྱུད་ཇེ་བཟང་དུ་གཏོང་རྒྱུ་ཞིག་ཡིན། སྦྱོང་བརྡར་སྨན་དང་གཤག་བཅོས་བྱས་ནས་སྤྲོད་རྒྱུ་ཞིག་མིན། སེམས་རང་གི་སྟེང་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད། སྦྱོང་བརྡར་སྤྲད་པའི་ཡོན་ཏན་སེམས་དེ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡང་སེམས་ལ་བརྟེན་ཡོད། དེར་བརྟེན་སེམས་ཀྱི་རྣམ་གཞག་དེ་ཧ་ཅང་གལ་ཆེན་པོ་ཡིན། གཞིའི་རྣམ་གཞག་གསུང་སྐབས་སེམས་ཀྱི་རྣམ་གཞག་ཧ་ཅང་ཞིབ་ཚགས་པོར་འགྲེལ་བཤད་ཡོད། དེར་བརྟེན་ངོས་ཀྱིས་འདི་ལྟར་བརྗོད་བཞིན་ཡོད། ནང་ཆོས་ནས་གསུངས་པའི་སེམས་ཁམས་རིག་པ་དང་དེང་དུས་ཀྱི་ཚན་རིག་གཉིས་ཀྱི་དབར་གོ་བསྡུར་བྱེད་བཞིན་ཡོད། འདི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ཉི་ཧོང་ལ་ཆ་བཞག་ན། ལོ་རྒྱུས་ཡོད་པའི་ལུང་པ་ཞིག་ཆགས་ཡོད། དེར་བརྟེན་ནང་ཆོས་ཀྱི་སེམས་ཀྱི་ཚན་རིག་ཅེས་པ་དེ་ཉི་ཧོང་རང་གི་དཀར་ཆག་ནང་ཡོད་དགོས་པ་ཞིག་ཡིན། ད་ཐེངས་ཉི་ཧོང་དུ་འདི་ལྟ་བུའི་ལྷན་ཚོགས་འཚོགས་རྒྱུ་བྱུང་བ་དེ་ཧ་ཅང་དགའ་པོ་བྱུང་། དེང་སང་ཉི་ཧོང་ནི་ཨེ་ཤི་ཡའི་ནང་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཅིག་ཆགས་ཡོད། དེ་དང་ཆབས་ཅིག་ཉི་ཧོང་ལ་ཤིན་ཏོ་ཆོས་ལུགས་ཀྱིས་རང་བྱུང་ཁམས་དང་སྲོག་ཆགས་ཡོངས་ལ་བརྩི་བཀུར་ཞུ་རྒྱུས་མཚོན་གནའ་བོའི་སྲོལ་རྒྱུན་དེ་ཧ་ཅང་ཕྱུག་པོ་ཡོད། ངོས་རང་ཕྱི་ལོ་ ༡༩༦༦།༦༧ ཙམ་ལ་ཐོག་མར་ཉི་ཧོང་དུ་ཡོང་སྐབས་ཁྱེད་རང་ཚོར་སྲོལ་རྒྱུན་དང་དེང་དུས་ཀྱི་རིག་གཞུང་མཉམ་འབྲེལ་བྱེད་རྒྱུའི་ཆ་རྐྱེན་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་རྒྱུ་བྱུང་། ཞེས་བཀའ་སློབ་དང་་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད།