༢༠༡༤ ཟླ་ ༤ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་ནང་བརྟེན་གཞི་བྱས་པའི་ཀོ་ཡ་སན་གཙུག་ལག་སློབ་ཁང་གི་ཚོགས་ཁང་ནང་དུས་རབས་ ༢༡ ནང་མི་ཚེ་བཟང་སྤྱོད་ལྡན་པའི་ཐོག་ནས་ཇི་ལྟར་སྐྱེལ་དགོས་མིན་(How should live our lives? – Religion and Ethics in the 21st century)ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་༸གོང་ས་མཆོག་གིས་ཀོ་ཡ་སན་ཀོ་ཡ་སན་མ་དགོན་གྱི་རྣམ་སྣང་སྔོན་ལྗང་དང་འབྲེལ་བ་ཡོད་པའི་གསང་སྔགས་ཀྱི་མཆོད་རྟེན་རྩ་ཆེན་ཞིག་ཡོད་པ་དེར་གདན་ཞུས་ལྟར་ཆིབས་སྒྱུར་གྱིས་ཐུགས་སྨོན་མཛད། དེ་ནས་ཉི་ཧོང་ནང་གསང་སྔགས་ཀྱི་བསྟན་པ་ཐོག་མར་དར་སྤེལ་གནང་མཁན་ཀོ་བོ་ད་ཤི་(Kobo Daishi) མཆོག་ཀོ་ཡ་སན་དུ་བཞུགས་གནས་ལྷ་ཁང་གི་ཕྱི་ཕྱོགས་ནས་ཐུགས་སྨོན་མཛད་ཡོད། དེ་རྗེས་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཀོ་རི་ཡ་དང་། རྒྱ་ནག སོག་ཡུལ། སིངྒ་པུ། དེ་བཞིན་ཉི་ཧོང་བཅས་ནས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། མཁན་རིན་པོ་ཆེ་མཆོག་དང་ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་སྟེ་ཕན་ཚུན་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་རིང་འདིར་ཀོ་ཡ་སན་དགོན་པའི་ངོས་ནས་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ས་ཆ་འདིར་གནམ་གཤིས་གྲང་ངར་ཆེ་བའི་དཀའ་ངལ་ཕྲན་བུ་ལས། དེ་མིན་ཧཅང་ཁ་ཁུ་སིམ་པོ་ཞི་བདེ་ལྡན་པ་ཞིག་འདུག་པར་ངོས་རང་ཧ་ཅང་སྐྱིད་པོ་བྱུང་། ཁ་ཉིན་ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱས་པ་ཡིན། སྐབས་དེར་དྲི་བ་དྲིས་ལན་གྱི་དུས་ཚོད་འདང་ངེས་ཤིག་བྱུང་མ་སོང་། དེར་བརྟེན་དེ་རིང་འདིར་ཐོག་མར་གསང་སྔགས་དང་ནང་ཆོས་སྤྱི་ཡོངས་ཀྱི་ཐོག་དྲི་བ་ཡོད་ན་དུས་ཚོད་སྐར་མ་ལྔ་བཅུ་ཙམ་འདུག ཅེས་བཀའ་སྩལ་རྗེས་མང་ཚོགས་ཁྲོད་ནས་སྨོན་ལམ་རྒྱག་རྒྱུའི་སྐོར་གྱི་དྲི་བར་བཀའ་སྩལ་དོན། ནང་པ་དང་གཅེར་བུ་བ་ལྟ་བུ་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་ཏེ། གཞན་ནི་སུ་ཞིག་མགོན་དུ་གྱུར། ཞེས་གསུངས་ཡོད།
སོ་སོའི་བདེ་སྡུག་དེ་སོ་སོ་རང་ཉིད་ལ་རག་ལུས་ཡོད། བཅོམ་ལྡན་འདས་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་གསུངས་ཡོད། ཆོས་ཉིད་བདེན་པ་བསྟན་ནས་སོ་སོ་རང་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་བྱེད་དགོས་ཀྱི་རེད། ཅེས་གསུངས་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་དག་གིས་དཀོན་མཆོག་ཅེས་པ་དེ་གཙོ་བོ་གཅིག་ལ་བརྩི་བཞིན་ཡོད། སངས་རྒྱས་པས་སངས་རྒྱས་དང་། ཆོས། དགེ་འདུན་ཞེས་གསུམ་གསུངས་ཀྱི་ཡོད། སྐྱབས་ངོ་མ་དེ་ཆོས་དཀོན་མཆོག་རེད། སངས་རྒྱས་བཅོམ་ལྡན་འདས་སྐྱབས་སྟོན་མཁན་དེ་རེད། དགེ་འདུན་སྐྱབས་འགྲོ་བའི་ཟླ་གྲོགས་རེད། སྐྱབས་ངོ་མ་ཆོས་དཀོན་མཆོག་དེ་རང་གི་རྒྱུད་ལ་སྐྱེས་དགོས་ཀྱི་ཡོད། ཆོས་དཀོན་མཆོག་ངོ་མ་རྒྱུད་ལ་སྐྱེས་སྐབས་སྒོམ་བྱུང་གི་རྟོགས་པ་སྐྱེས་ཀྱི་ཡོད། སྒོམ་བྱུང་གི་རྟོགས་པ་ཡོང་བར་བསམ་བློ་འདིའི་ནང་ད་ལྟ་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་ཡོད་པའི་བློ་འདིའི་ནང་ནས་ཆོས་དཀོན་མཆོག་སྐྱེས་དགོས་ཀྱི་ཡོད་སྟབས། བློ་ཇི་ལྟར་བྱས་ཏེ་སྦྱང་དགོས་ཀྱི་ཡོད་མེད་ཤེས་དགོས། སྒོམ་བྱུང་གི་གོམས་འདྲིས་བསྟན་པར་ཡིད་ཆེས་དགོས། ཡིད་ཆེས་ཡོང་བར༌རྒྱུ་མཚན་ལ་བསམ་བློ་བཏང་ནས་སེམས་ཀྱི་གཏིང་ནས་ཡིད་ཆེས་པ་ཞིག་དགོས་ཀྱི་ཡོད། འདི་བསམ་བྱུང་གི་ཤེས་རབ་རེད། བསམ་བྱུང་གི་ཤེས་རབ་ཡོང་བར་སྔོན་ལ་ཐོས་དགོས་ཀྱི་ཡོད། དེབ་ཀློག་པ་དང་འགྲེལ་བཤད་རྒྱག་མཁན་གྱི་ངག་ཉན། ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས། ཐོས་བྱུང་གི་ཤེས་རབ་ཅེས་པ་དེ་ནི་ཡིད་ཆེས་ཙམ་གྱི་གོ་བ་རེད། ངེས་པ་རྙེད་རྒྱུ་མེད། དེ་ནས་ཐོས་པའི་དོན་དེར་ཡང་ནས་ཡང་དུ་བསམ་བློ་བཏང་ཚེ་བསམ་བྱུང་གི་ཤེས་རབ་སྐྱེས་ཀྱི་ཡོད། བསམ་བྱུང་གི་ཤེས་རབ་སྐྱེས་སྐབས་ངེས་པ་བརྟན་པོ་ཐོབ་ཡོད།
དེ་ལྟ་བུའི་ངེས་པ་བརྟན་པོ་ཐོབ་ཡོད་པ་དེ་ཡང་ནས་ཡང་དུ་འདྲིས་ཤིང་གོམས་པར་བྱས་ཡོང་དུས་མྱོང་བ་སྐྱེས་ཀྱི་ཡོད། མྱོང་བ་ལའང་ཐོག་མར་ངས་སྒོམ་ན་སྐྱེས་ས་རེད་བསམས་པའི་ཉམས་འོག་ཏུ་ཆུད་པ། དེ་ནས་ད་དུང་བསམ་བློ་བཏང་སྟེ་གོམས་སྐབས་རིམ་པས་དེའི་ཐོག་བསམ་བློ་གང་ཙམ་ཞིག་བཏང་ན་སེམས་ལ་འགུལ་ཐེབས་ཀྱི་ཡོད། འདི་རྩོད་བྱེད་ཀྱི་མྱོང་བ་ཞེས་པ་དེ་རེད། རྩོད་བྱེད་ཀྱི་མྱོང་བ་དེ་ད་དུང་མུ་མཐུད་གོམས་ཡོང་དུས་ནམ་ཞིག་བསམ་བློ་དྲན་པ་ཙམ་གྱི་གློ་བུར་སེམས་ནང་ཚོར་ཤུགས་དྲག་པོ་ཡོང་རྒྱུ་དེ་རྩོད་མེད་ཀྱི་མྱོང་བ་ཟེར་གྱི་ཡོད།དེར་བརྟེན་དཀོན་མཆོག་གསུམ་པོ་འདི་དཔེ་འདི་ལྟར་འཇོག་གི་ཡོད། སངས་རྒྱས་འདི་སྨན་པ་དང་འདྲ་བ་རེད། དཔེར་ན། ཀོ་བྷོ་ཌ་ཤི་ (Kobo Daishi) ཆ་བཞག་ན་སྨན་པ་དང་འདྲ་བ་རེད། ཁོང་རྣམ་པས་བསྟན་པའི་ཆོས་འདི་ཉམས་ལེན་བྱས་ཏེ་རྟོགས་པ་རྒྱུད་ལ་སྐྱེ་རྒྱུ་དེ་སྨན་དང་འདྲ་བ་རེད། ཆོས་འདི་སྒྲུབ་མཁན་སྨན་གཡོག་དང་འདྲ་བ་རེད། དེར་བརྟེན་ན་ཚ་དྲག་བར་སྔོན་ལ་སྨན་པ་དགོས་པ་རེད། སྨན་པས་སྨན་འདི་དང་འདི་བཟའ་ཞེས་ངོ་སྤྲོད་བྱེད་ཀྱི་རེད། འོན་ཀྱང་ན་ཚ་དངོས་སུ་དྲག་མཁན་དེ་སྨན་ཆགས་ཀྱི་ཡོད། ན་ཚ་ཚབས་ཆེན་ཡོད་ན་སྨན་གཡོག་དགོས་ཀྱི་ཡོད། དེ་ལྟར་སངས་རྒྱས་དང་ཆོས། དགེ་འདུན་ཞེས་པ་འདི་ལྟར་རེད། དེར་བརྟེན་སངས་རྒྱས་དེ་སྨན་པ་ལྟར་ཡིན་དུས་སྨན་པར་སྐྱབས་འཇུག་ཞུས་ཏེ་ངའི་ན་ཚ་དྲག་བ་གནང་རོགས། ཞེས་དང་ན་ཚ་དྲག་སྐྱེད་ཡོང་བར་སྨན་པས་ལག་པ་འཆང་བ་ཙམ་གྱི་ན་ཚ་དྲག་གི་མེད། སྨན་པས་སྨན་དང་ལྟོ་ཆས་བཟའ་དགོས་རིགས་དང་སྤྱོད་ལམ་བསྟེན་སྟངས་ངོ་སྤྲོད་གནང་བ་དེས་ཚུལ་བཞིན་དུ་བསླབ་ཏེ་སྨན་བཟས་ན་ན་ཚ་དྲག་སྐྱེད་ཡོང་གི་ཡོད། ནང་པའི་འགྲོ་སྟངས་འདི་ལྟར་རེད། ཅེས་བཀའ་ལན་སྩལ་ཡོད།