༢༠༡༤ ཟླ་ ༤ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོར་རྒྱ་གར་བ་ཚོང་པ་ཁག་གཅིག་དང་རྒྱ་རིགས། དེ་བཞིན་སོ་ཏོ་ཆོས་ལུགས་རྗེས་འབྲང་པ་བཅས་ལ་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་གིས་རྒྱ་གར་བའི་ཚོང་པ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། འདས་པའི་ལོ་ ༥༥ རིང་ངོས་རང་རྒྱ་གར་ནང་བསྡད་པར་བརྟེན་རྒྱ་གར་ནི་ངོས་ཀྱི་ཕ་ཡུལ་གཉིས་པ་ཆགས་ཡོད། དེར་བརྟེན་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་བསམ་པ་དྲན་བཞིན་ཡོད། ངོས་ཀྱིས་གང་ཤེས་པའི་ཡོན་ཏན་རྣམས་རྒྱ་གར་དཔལ་ན་ལེནྜ་ནས་བྱུང་བ་ཡིན། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་རྒྱ་གར་འཕགས་པའི་ཡུལ་ནས་བསྟན་པའི་ཉི་མ་མ་ཤར་བར་མུན་ནག་ཏུ་གནས་རྒྱུ་ཡིན་པ་གསུངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན།
རྒྱ་རིགས་རྣམས་ལ་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་གླིང་ནང་གི་ནང་པ་མང་ཤོས་རྒྱ་ནག་ནང་ཡོད། པེ་ཅིང་གཙུག་ལག་སློབ་གྲྭས་ཉམས་ཞིབ་གནང་རྗེས་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་ཏུ་དེང་སྐབས་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་བཀོད་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ནང་ཆོས་རྒྱ་ནག་གི་ཆོས་ལུགས་གཙོ་གྲས་ཤིག་ཡིན་པར་ངོས་འཛིན་ཡང་བྱས་ཡོད། ཁོང་གིས་གསུངས་པའི་སྐད་ཆ་འདི་གནད་འགག་ཆགས་ཡོད། གང་ཡིན་བརྗོད་ན། དེ་སྔ་རྒྱ་ནག་ཏུ་རིག་གནས་གསར་བརྗེའི་སྐབས་རྙིང་བཞི་རྩ་གཏོར། ཞེས་ནང་ཆོས་རྩ་མེད་གཏོང་ཐབས་བྱས་ཡོད་ཀྱང་ད་ཆ་རྒྱ་ནག་འགོ་ཁྲིད་མི་རབས་ལྔ་པའི་སྐབས་ནང་ཆོས་གལ་ཆེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
དེང་སྐབས་རྒྱ་ནག་ནང་དབུལ་ཕྱུག་བར་ཁྱད་ཧ་ཅང་ཆེན་པོ་ཡོད། རྒྱ་ནག་གི་གྲོང་ཁྱེར་ནས་ཡོང་བའི་ཞིང་པ་ཁག་གཅིག་དང་ཐུག་མྱོང་། སྐབས་དེར་ཁོང་ཚོས་དེང་སྐབས་རྒྱ་ནག་ནང་ཞིང་པར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་ཀྱང་དཀའ་ངལ་ཞུ་གཏུག་བྱེད་ས་མེད་སྐོར་བརྗོད་བྱུང་། ས་གནས་དཔོན་རིགས་ཚོས་དབང་ཆ་དང་དངུལ་ཁོ་ན་བསམས་ནས་སྡོད་ཀྱི་ཡོད། དེར་བརྟེན་ཉེ་ལམ་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སྲིད་འཛིན་ཞི་ཅིང་ཕིང་གིས་ཞིང་པ་ཚོའི་དཀའ་ངལ་སེལ་ཐབས་དང་ཁྲིམས་ཀྱི་ལམ་ལུགས་ལ་ལེགས་བཅོས་གཏོང་རྒྱུའི་སྐོར་བཤད་ཡོད་པ་དེ་དག་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པར་བརྟེན་སེམས་ནང་རེ་བ་ཞིག་ཡོང་བཞིན་འདུག ངོས་རང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྒྱ་རིགས་མཁས་དབང་ཞིག་དང་ཐུག་སྐབས་ཁོང་གིས་དེང་སྐབས་རྒྱ་ནག་ནང་བཟང་སྤྱོད་ཉམས་ཆག་འགྲོ་བཞིན་པའི་ཁོར་ཡུག་ནང་སྡོད་སྐབས་ནང་ཆོས་ཀྱི་ཕན་ཐོགས་ཧ་ཅང་ཆེན་པོ་འདུག ཅེས་གསུངས་བྱུང་། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། ༸གོང་ས་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༦༠ ནང་རྒྱ་ནག་གཞུང་གིས་ནང་ཆོས་ནི་རྨོངས་དད་རེད། དེར་བརྟེན་ཚན་རིག་གི་ཤེས་ཚད་ཡར་རྒྱས་འགྲོ་སྐབས་ནང་ཆོས་རང་བཞིན་གྱི་ཡལ་འགྲོ་རྒྱུ་ཡིན་པའི་དྲིལ་བསྒྲགས་བྱས་པར་བརྟེན། དྲིལ་བསྒྲགས་བྱེད་མཁན་མི་དེས་གལ་ཏེ་དེང་སྐབས་ཚན་རིག་པ་དང་ལྷག་པར་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་ཡོད་པའི་ཚན་རིག་པ་རྣམས་ཀྱིས་ནང་ཆོས་དང་རྒྱ་གར་རིག་གཞུང་ནས་གསུངས་པའི་སེམས་ཀྱི་རྣམ་གཞག་སོགས་ལ་དོ་སྣང་དང་ཆ་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་ན་ངོ་མཚར་སྐྱེ་རྒྱུ་རེད།
དེང་སྐབས་ངོས་ཀྱིས་ནང་པའི་ཆོས་གྲོགས་ཕོ་མོ་རྣམས་ལ་དུས་རབས་ ༢༡ པའི་ནང་པ་སངས་རྒྱས་པ་ཞིག་བྱེད་དགོས་སྐོར་བརྗོད་ཀྱི་ཡོད། དེ་ནི་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་དགོས་པ་དང་ཕྱོགས་མཚུངས་དེང་དུས་ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་འདི་ཡིན། ཞེས་བཀའ་སློབ་དང་དྲི་བ་རྣམས་ལ་བཀའ་ལན་ཡང་སྩལ་ཡོད།