༢༠༡༤ ཟླ་ ༤ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༣། ༡༤ བཅས་ཉིན་གྲངས་གཉིས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་ནང་བརྟེན་གཞི་བྱས་པའི་ཀོན་གོ་བྷུ་ཇི་དགོན་པ་ Kongobuji Temple ཞེས་གསང་སྔགས་ཀྱི་དགོན་པ་ཐོག་མ་ཡིན་པ་དེར་གནས་གཟིགས་མཛད། དགོན་པ་དེ་ནི་ཉི་ཧོང་ནང་གསང་སྔགས་ཀྱི་བསྟན་པ་ཐོག་མར་དར་སྤེལ་གནང་མཁན་ཀོ་བྷོ་དེ་ཤི་ Kobo Daishi མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་འདུག དེ་ཡང་ཁོང་གིས་དུས་རབས་དགུ་པའི་ནང་རྒྱ་ནག་ཏུ་ཕེབས་ཏེ་སློབ་གཉེར་གནང་བ་མ་ཟད། རྒྱ་གར་ན་ལེནྜའི་པནྜ་གྲུབ་ Prajna ཞེས་པའི་ཞབས་ལ་གཏུགས་ནས་ལེགས་སྦྱར་སློབ་གཉེར་སོགས་མཐར་ཕྱིན་གནང་རྗེས་སླར་རང་ཡུལ་དུ་ཕེབས་ནས་གསང་སྔགས་ཀྱི་བསྟན་པ་ཐོག་མ་དར་སྤེལ་གནང་ཡོད། ཁོང་གིས་ཕྱི་ལོ་ ༨༡༦ ལོར་ཀོན་གོ་བྷུ་ཇི་དགོན་པ་ཕྱག་བཏབ་ནས་ཕྱི་ལོ་ ༨༣༥ ལོར་དགུང་གྲངས་ ༦༢ ཐོག་དགོངས་པ་རྫོགས་ཡོད། ཐེངས་འདིར་༸གོང་ས་མཆོག་གིས་དགོན་པ་དེར་བློ་སྦྱོང་ཚིགས་བརྒྱད་མ་དང་། ལམ་རིམ་བསྡུས་དོན། དེ་བཞིན་རྣམ་སྣང་སྔོ་ལྗང་གི་དབང་བཅས་རྩལ་གནང་མཛད་བཞིན་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཀོན་གོ་བྷུ་ཇི་དགོན་པར་ཞབས་སོར་འཁོད་སྐབས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཀོ་ཡ་སན་གཙུག་ལག་སློབ་ཁང་གི་Koyasan University Auditorium ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་༸གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩལ་དོན། ཀོ་ཡ་སན་དགོན་པའི་མཁན་རིན་པོ་ཆེ་མཆོག་གིས་གཙོས་ཆོས་གྲོགས་ཕོ་མོ་རྣམ་དང་།རྒྱ་ནག་དང་སོག་པོ་ནས་ཆོས་གྲོགས་ཁ་ཤས་ཡོད་ས་རེད། ཚང་མར་མཇལ་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་དེར་བརྟེན་གཙོ་ཆེ་ཀོ་ཡ་སན་དགོན་པའི་ངོས་ནས་གྲ་སྒྲིག་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ཁུལ་འདིར་དེ་སྔ་ཐེངས་གཉིས་བཅར་རྒྱུ་བྱུང་བ་མ་ཟད། རྣམ་པར་སྣང་མཛད་ཀྱི་དབང་ཡང་འབུལ་རྒྱུ་བྱུང་། འོན་ཀྱང་དེ་སྔ་དང་མི་འདྲ་བར་ཐེངས་འདིར་གངས་བརྒྱབ་པར་བརྟེན་གནམ་གཤིས་ཧ་ཅང་དྲང་ངར་ཆེན་པོ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཐོག་མར་ནང་ཆོས་ངོ་སྤྲོད་མཛད་དོན།
ཁ་སེང་ན་རི་ཏར་འབྱོར་ནས་སེན་ཌའི་ཁུལ་དུ་ཕྱིན་པ་ཡིན། སེན་ཌའི་ཁུལ་དུ་གངས་རི་གང་ཙམ་འདུག དེ་རིང་ང་ཚོ་འདིར་འཛོམས་རྒྱུ་འདི་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་འདིར་འཛོམས་པ་རེད། རྒྱ་གར་གྱི་ཆོས་བརྒྱུད་སྔ་ཤོས་ཤིག་ནི་གྲངས་ཅན་པ་རེད་འདུག གྲངས་ཅན་པ་ནས་ཡ་གྱེས་ནས་ཆོས་བརྒྱུད་མི་འདྲ་བ་དེ་འདྲ་གང་ཙམ་བྱུང་ཡོད། དེ་ནས་ལོ་ངོ་ ༢༦༠༠ གོང་ལ་གཅེར་བུ་བའི་ཆོས་བརྒྱུད་བྱུང་བ་རེད། ནམ་མཁའི་གོས་ཅན་གྱི་ཆོ་བརྒྱུད་བྱུང་བ་རེད། དེ་ནས་ལོ་སུམ་ཅུ་བཞི་བཅུའི་ཁྱད་པར་ཡོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་བྱུང་བ་རེད། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གཉིས་ཀས་ཆོས་ཀྱི་ཉམས་ལེན་གཙོ་བོ་བྱམས་བརྩེ་རེད། བྱམས་བརྩེ་ཉམས་ལེན་ཡག་པོ་ཞིག་ཡོང་བར་དེའི་འགལ་རྐྱེན་དེ་ཞེ་སྡང་གི་བྱེད་ཀྱི་ཡོད་པར་བརྟེན་བཟོད་པའི་ཉམས་ལེན་བྱེད་རྒྱུ། འཁོན་འཛིན་མི་བྱེད་རྒྱུ།
དེ་བཞིན་གཞན་ལ་བརྩེ་བ་ཡོང་རྒྱུའི་འགལ་རྐྱེན་གཞན་ཞིག་ནི་སོ་སོའི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་ཆོག་ཤེས་མ་བྱས་པར་བརྟེན་ནས་ཡོང་གི་ཡོད་སྟབས། ཆོག་ཤེས་དང་ཚུལ་ཁྲིམས་ (Self Discipline) ཞེས་པ་དེ་ཆོས་བརྒྱུད་ཚང་མས་གསུངས་ཀྱི་ཡོད། ལྟ་གྲུབ་ཡོད་པའི་ཆོ་བརྒྱུད་ཚང་མས་ཉམས་ལེན་གཙོ་བོ་བྱམས་བརྩེ་ཡིན། དེར་བརྟེན་ཡི་ཤུ་དང་ཁ་ཆེའི་ཆོས་གྲོགས་ནང་གཞན་ལ་ཕན་ཐོགས་བྱེད་མཁན་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། དེ་དང་དེ་འདྲ་བའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་ལའང་བྱམས་བརྩེ་ཉམས་ལེན་བྱེད་ཀྱི་ཡོད་སྟབས་གཞན་ཕན་སྒྲུབ་རྒྱུའི་ཤུགས་རྐྱེན་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གཙོ་ཆེ་ཤོས་གྲངས་ཅན་ལྷ་མེད། གཅེར་བུ་བ། སངས་རྒྱས་པའི་ཆོས་གསུམ་པོ་དེ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་རེད། འདི་གསུམ་གྱིས་ཉམས་ལེན་གཙོ་བོ་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་བཅས་རེད། བྱམས་བརྩེ་དང་འབྲེལ་བའི་ཉམས་ལེན་དེ་དག་ཆོས་བརྒྱུད་གཙོ་ཆེ་བ་ཚང་མར་ཡོད།
དེར་བརྟེན་ཆོས་བརྒྱུད་ཚང་མས་མིར་ཕན་གྱི་ཡོད་པ་དང་། འཛམ་གླིང་འདིའི་སྟེང་ཞི་བདེ་སྐྲུན་རྒྱུའི་ནུས་པ་ཡོད་པ་ཆགས་ཀྱི་ཡོད། ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་མི་འདྲ་བ་ཆེན་པོ་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་བྱམས་བརྩེ་སྒོམ་རྒྱུའི་རྒྱུ་མཚན་གཙོ་བོ་ནི་གནོད་བཅུད་སྤྱི་དང་ལྷག་པར་མི་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། ཇི་ཙམ་གྱི་འཇིག་རྟེན་བཀོད་པ་པོར་གུས་བརྩི་ཡོད་པ་དེ་བཞིན་འཇིག་རྟེན་བཀོད་པ་པོས་བཀོད་པའི་གནོད་བཅུད་སྤྱི་དང་ལྷག་པར་མི་ཚང་མས་བྱམས་བརྩེ་སྟོན་དགོས་རེད་ཅེས་པའི་རྒྱུ་མཚན་ཏག་ཏག་འགྲོ་གི་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་རྒྱུ་དང་འབྲས་བུ་ཞེས་བཤད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་རྒྱུ་མེད་ལས་བྱུང་བ་ཁས་ལེན་གྱི་མེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ནང་སྤྱི་ཡོངས་བཤད་ན་རྒྱུ་མེད་འདོད་མཁན། རྟག་པའི་རྒྱུ་ལས་སྐྱེས་པ་འདོད་མཁན། མི་རྟག་པའི་རྒྱུ་ལས་སྐྱེ་བ་འདོད་མཁན་འདི་ལྟ་བུ་མི་འདྲ་བ་ཡོང་བཞིན་ཡོད། གང་ལྟར་འདི་དག་གིས་སོ་སོ་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཐོག་ནས་འབྲས་བུ་བཟང་ངན་ཡོང་གི་ཡོད་པ་དེ་རྒྱུ་མཚན་དུ་བཀོད་ནས་གཞན་ལ་འཚེ་བ་བྱེད་རྒྱུ་མེད་པ་དང་། གཞན་ལ་བརྩེ་བ་བྱེད་དགོས་རེད་ཅེས་པའི་སྐད་ཆ་བསླེབས་ཀྱི་ཡོད། ལྟ་གྲུབ་མི་འདྲ་བ་གཉིས་ཀའི་བྱམས་བརྩེ་སྤེལ་རྒྱུའི་རྒྱུ་མཚན་ལ་བགྲངས་ཡོད།
དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ངོས་ནས་བལྟས་ན་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དེ་སྐུར་འདེབས་ལོག་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ལ་བལྟས་ན་སྒྲོ་འདོགས་ལོག་ཡོད། ཁྱད་པར་ཆེན་པོ་ཡོད། ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས། ཁམས་དང་མོས་པ་བྱེ་བྲག་པ་གཅིག་ལ་བྱམས་བརྩེ་གོང་ནས་གོང་དུ་སྤེལ་རྒྱུར་འཇིག་རྟེན་བཀོད་པ་པོའི་རྣམ་གཞག་དེ་ཕན་གྱི་ཡོད། ཁམས་དང་མོས་པ་མི་འདྲ་བ་ཞིག་ལ་འཇིག་རྟེན་བཀོད་པ་པོ་མེད་པ། རྒྱུ་དང་འབྲས་བུ་དེ་སོ་སོ་རང་ཉིད་ལ་འགན་ཡོད་པ་བཤད་སྟབས་ནུས་པ་ཆེ་བ་ཡོང་གི་ཡོད། ནད་གཅིག་ཕན་ཆེད་སྨན་རིགས་འདྲ་མིན་བཟའ་རྒྱུ་ལྟ་བུ་རེད། ཆོས་བརྒྱུད་ཚང་མར་གུས་ཞབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གུས་ཞབས་བྱེད་རྒྱུ་དེ་མཁས་པོ་དང་སྙན་པོ་བྱས་ནས་གུས་ཞབས་བྱེད་རྒྱུ་མ་རེད། རྒྱུ་མཚན་ཡོད་པ་དང་། ཁམས་དང་མོས་པ་སྣ་ཚོགས་པའི་མི་ལ་ལྟ་གྲུབ་མི་འདྲ་བའི་ཆོས་བརྒྱུད་དགོས་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཆོས་བརྒྱུད་མི་འདྲ་བ་ཚང་མར་གུས་ཞབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།