༢༠༡༤ ཟླ་ ༤ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་ཉི་ཧོང་དང་ཀོ་རི་ཡ། རྒྱ་རིགས། སོག་རིགས། བོད་རིགས་སོགས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྩལ་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཆོས་འབྲེལ་འགོ་འཛུགས་སྐབས་སྟོན་པའི་བསྟན་པ་བྱུང་རིམ་གྱི་དབང་དུ་བྱས་ན་པཱ་ལིའི་ནང་གསུང་པའི་བདེན་བཞིའི་ཆོས་འཁོར་འདི་ཐོག་མ་ཡིན་པ་ཡོངས་གྲགས་ཆགས་ཡོད་པར་བརྟེན་དུས་རྒྱུན་པཱ་ལིའི་ནང་ཐུབ་དབང་གི་བསྟོད་ཕྱག་འདོན་སྲོལ་ཡོད། དེ་རྗེས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད། པཱ་ལིའི་ནང་སྟོན་པའི་བསྟོད་ཕྱག་ཐུང་ངུ་ཞིག་ཡོད་པ་ངོས་ཀྱིས་འདོན་རྒྱུ་ཡིན། ཞེས་ཤིས་བརྗོད་གསུང་འདོན་མཛད་རྗེས་ཆོས་ཞུ་བ་ཚོས་ཉི་ཧོང་སྐད་ནང་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་མཆོག་གིས་ཤེར་ཕྱིན་གྱི་མདོ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས། བྱམས་པ་མགོན་པོས་མངོན་རྟོགས་རྒྱན་ནང་དོན་ཚན་བྱས་ནས་གསུངས་ཡོད། དངོས་དོན་སྟོང་ཉིད་ཀྱི་རིམ་པ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ནང་རྩལ་དུ་བཏོན་ནས་གསུངས་ཡོད། དེར་བརྟེན་གཞུང་དེ་གཉིས་ཀྱི་ཆོས་བརྗོད་འདོན་རྒྱུ་ཡིན།
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།
ཞེས་བཀའ་སྩལ་བ་དང་སྦྲགས་ཤིས་བརྗོད་གསུང་འདོན་མཛད་རྗེས་བཀའ་སློབ་སྩལ་དོན། དེ་རིང་སངས་རྒྱས་པའི་ཆོས་དར་སའི་ལུང་པ་གཅིག་དང་དེའི་ནང་ནས་ཤེར་ཕྱིན་དར་ཁྱབ་ཆེན་པོ་ཡོད་པ། ཤེས་རབ་སྙིང་པོ་ཚང་མས་འདོན་གྱི་ཡོད། དེ་བཞིན་ཐེག་ཆེན་གསང་སྔགས་ཀྱི་ཆོས་བརྒྱུད་ཀྱང་ཡོད་པའི་ལུང་པ་ཆགས་ཡོད། དུས་རྒྱུན་ང་ཚོས་ལུང་ནའི་འགྲོ་སྟངས་ཤིག་ཡོད། དེར་ལུང་རྒྱུན་ཞེས་ལུང་མ་གཏོགས་བཤད་པ་མེད། ཡང་བཤད་ལུང་ཡོད་པ་བྱས་ནས་དེའི་ཐོག་བཤད་པ་ཡོད། བཤད་པ་བྱེད་སྟངས་ལ་མི་འདྲ་བ་མང་པོ་ཡོད། བཤད་ཁྲིད་ལྟ་བུར་མཚོན་ན། བཤད་པ་རྐྱང་རྐྱང་བྱས་ནས་འགྲོ་རྒྱུ་དང་། མྱོང་ཁྲིད། ཞེས་ཉིན་རེ་ཉིན་རེར་གང་ཁྲིད་པ་དེ་སློབ་མས་བསམ་བློ་བཏང་ནས་འགྲོ་རྒྱུ་གཅིག་ཡོད། མྱོང་ཁྲིད་ཟེར་བ་འདི་བླ་མས་ཁྲིད་ནས་བདུན་ཕྲག་འགའ་ཤས་དང་ཡང་ན་ཉམས་ལེན་བྱེད་ཁག་པོའི་རིགས་ལོ་འགའ་ཤས་བསམ་བློ་བཏང་ནས་ཉམས་མྱོང་གང་ཙམ་བྱུང་ན་ས་བཅད་རིམ་པ་འོག་མ་རྣམས་ཁྲིད་ནས་ཉམས་མྱོང་མ་སྐྱེས་བར་ལམ་སེང་ཆ་ཚང་མ་ཁྲིད་པར་དུམ་བུ་དུམ་བུ་བྱས་ཁྲིད་ལུགས་ཡོད་པ་དེར་མྱོང་ཁྲིད་བརྗོད་ཀྱི་ཡོད། དེ་རིང་འདིར་བཤད་ལུང་ཟེར་བ་ལུང་ཐོབ་ཡོད་པ་དང་། ལུང་གི་ཐོག་ལ་བཤད་པའི་རྒྱུན་ཡང་ཡོད་པ་གཅིག་ཆགས་ཡོད་པ་དེ་འདྲ་ཡིན། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་འདི་ལུང་རྐྱང་རེད། ངོས་ལ་ལུང་ཐོབ་ཡོད། ལུང་རྐྱང་ཐོག་ནས་བཤད་པ་ཏོག་ཙམ་བྱ་རྒྱུ་ཡིན། དེ་རྗེས་བོད་ཀྱི་མཁས་པ་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་ཡིན། འདི་ནི་བྱམས་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་གྱིས་ཉིན་རེ་ཉིན་རེར་ལག་ལེན་ཇི་འདྲ་སྐྱེལ་དགོས་མིན་སྐོར་གསུངས་ཡོད། འདི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་འདི་ཡང་བཤད་ལུང་བརྒྱུད་པ་རེད། ལུང་ཡོད་པའི་ཐོག་ནས་བཤད་པ་ཡོད་པ་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་འཆར་ཅན་འདི་ལྟར་རྗོད་བཞིན་ཡོད། འཛམ་གླིང་འདིའི་སྟེང་ཆོས་ལུགས་ཧ་ཅང་མང་པོ་ཡོད། ཆོས་ལུགས་ལ་ལྟ་གྲུབ་ཡོད་མེད་ཀྱི་ནང་གསེས་གཉིས་ཡོད། ལྟ་གྲུབ་མེད་མཁན་གྱི་ཆོས་ལུགས་འདི་མི་ལོ་སྟོང་ཕྲག་ལྔ་དྲུག་ཙམ་ཕལ་ཆེར་ཕྱིན་ཡོད། ཕལ་ཆེར་མིའི་སྤྱི་ཚོགས་ནང་རིམ་བཞིན་སྐད་འཕེལ་རྒྱས་འགྲོ་སྐབས་ཕལ་ཆེར་དད་པའི་ཐོག་ནས་མི་ལ་དཀའ་ངལ་འཕྲད་སྐབས་སྐྱབས་གཅིག་ཡོད་ཟེར་བ་དང་། རང་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་ཟེར་ནས་ལྷ་གསོལ་རྒྱུའི་རིགས་དེ་འདྲ་ཡོང་བཞིན་ཡོད། དེ་ནས་རིམ་བཞིན་དད་པ་ཙམ་མིན་པར་ལྟ་གྲུབ་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་སྡེ་ཚན་གཅིག་བྱུང་ནས་ད་བར་ཕལ་ཆེར་ལོ་སྟོང་ཕྲག་གསུམ་ཙམ་འགྲོ་བཞིན་ཡོད། སྔ་ཤོས་འདི་ཕལ་ཆེར་རྒྱ་གར་ནང་གྲངས་ཅན་པའི་ཆོས་རྒྱུད་དེ་རེད།
དང་པོ་དེ་ཕལ་ཆེར་གྲངས་ཅན་པ་རེད། དེ་ནས་མར་གྲུབ་མཐའ་མང་པོ་ཕྱེ་སྟེ་དཀྱིལ་ཤར་ཡུལ་གྲུའི་ནང་ཇིའུ་དང་ཡི་ཤུ། ཁ་ཆེ་སོགས་བྱུང་། དེ་བཞིན་ཨི་རན་ནས་ཛོ་ར་ཛོ་ཏིན་བྱུང་ཡོད། ཛོ་ར་ཛོ་ཏིན་ལྟ་གྲུབ་ད་སྐབས་ཤུགས་ཆེ་བ་རྒྱ་གར་ནང་ཡོད། དེ་ནས་རྒྱ་གར་རང་གི་གཅེར་བུ་བའི་ཆོས་ལུགས་ལོ་ཉིས་སྟོང་དྲུག་བརྒྱའི་གོང་བྱུང་ཡོད། དེ་དང་ལོ་སུམ་ཅུ་ཙམ་ལས་ཁྱད་པར་མེད་པ་སངས་རྒྱས་པའི་ཆོས་ལུགས་བྱུང་ཡོད། དེ་དག་ལྟ་གྲུབ་ཡོད་པའི་ཆོས་ལུགས་རེད། ལྟ་གྲུབ་ཡོད་མཁན་ཆོས་ལུགས་ནང་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གཉིས་དབྱེ་ན། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྲངས་ཅན་ལྷ་མེད་པ་དང་སངས་རྒྱས་པ། གཅེར་བུ་པ་བཅས་ཡིན། གཞན་ཆོས་ལུགས་ཕལ་ཆེ་བས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཆོས་ལུགས་མི་འདྲ་བ་གསུམ་ཡོད་པའི་ནང་ནས་གྲངས་ཅན་པ་དང་གཅེར་བུ་བ་གཉིས་ཀྱིས་གང་ཟག་གི་བདག་ཅེས་ཕུང་པོ་ལས་དོན་གཞན་པ། དེའི་ཁྱད་ཆོས་བརྗོད་སྐབས་འགྱུར་བ་མེད་པའི་རྟག་པ། གཅིག་པུ་བ། རང་སྐྱ་བ་ཞེས་རྟག་གཅིག་རང་དབང་བ་ཞེས་པའི་བདག་འདོད་མཁན་གྲངས་ཅན་པ་དང་གཅེར་བུ་བ་གཉིས་ཡིན། སངས་རྒྱས་པས་དེ་འདྲ་བའི་བདག་འདོད་ཀྱི་མེད། སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པར། བདེ་སྡུག་ཅེས་པ་འདི་རྒྱུ་མེད་ལས་བྱུང་བ་ཞིག་དང་། རྟག་པའི་རྒྱུ་ལས་བྱུང་བ། དེ་བཞིན་འཇིག་རྟེན་བཀོད་པ་པོས་བཀོད་པ་ཞིག་མིན་པར། བདེ་སྡུག་ཅེས་པ་འདི་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། རྒྱུ་དང་རྐྱེན་དེ་ཡང་ཕྱིའི་རྐྱེན་ཡོད་ཀྱང་གཙོ་བོ་ནང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བདེ་སྡུག་ཡོང་བཞིན་ཡོད་གསུང་བཞིན་ཡོད། འདི་རྒྱུ་འབྲས་ཀྱི་རྟེན་འབྲེལ་གསུང་བཞིན་ཡོད། དེ་བཞིན་བདེ་སྡུག་ལོངས་སྤྱོད་པ་པོ་དེའང་རྟག་གཅིག་རང་དབང་བ་ཞིག་མེད་པར་ཕུང་པོ་ལ་བརྟེན་ནས་བཏགས་ཙམ། ཕུང་པོ་ལ་བརྟེན་ནས་གྲུབ་པའི་བདག་གཅིག་འདོད་ཀྱི་ཡོད། དེར་ཁྱད་པར་ཡོད། བདག་མེད་པའི་ལྟ་བ་ཞེས་སངས་རྒྱས་པའི་ཆོས་ཀྱི་ཐུན་མིན་ལྟ་བུ་ཡིན། བདག་མེད་པའི་ལྟ་བ་གསུང་མཁན་སངས་རྒྱས་པའི་ཆོས་གཅིག་པུ་ཡིན། སངས་རྒྱས་པའི་ཆོས་ནང་དུའང་བསམ་པ་རྒྱ་ཆེ་ཆུང་དབང་གིས་ཉན་ཐོས་ཀྱི་ཐེག་པ། རང་སངས་རྒྱས་ཀྱི་ཐེག་པ། ཐེག་ཆེན་གྱི་ཐེག་པའམ་བྱང་སེམས་ཀྱི་ཐེག་པ་བཅས་ཡོད།
ལྟ་བའི་རྣམ་གཞག་གསུང་སྐབས་གང་ཟག་གི་བདག་མེད་ཙམ་མ་གཏོགས་ཆོས་ཀྱི་བདག་མེད་མི་བཞེས་མཁན་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ། གང་ཟག་བདག་མེད་ཐོག་ཆོས་ཀྱི་བདག་མེད་གསུང་མཁན་སེམས་ཙམ་པ་དང་དབུ་མ་པ་གཉིས་ཡོད། རྩ་བའི་ལྟ་བའི་ཐོག་ནས་སངས་རྒྱས་པའི་གྲུབ་མཐའ་མི་འདྲ་བ་བཞི་གསུངས་ཡོད། ནང་གསེས་ཀྱི་ཁྱད་པར་མི་འདྲ་བ་མང་པོ་ཡོད། ལྟ་གྲུབ་མི་འདྲ་བ་ཡོད་པའི་ཆོས་ལུགས་དེ་དག་ལྟ་གྲུབ་ཐོག་ནས་མི་འདྲ་བ་ཡོད་ཀྱང་ལྟ་གྲུབ་མི་འདྲ་བ་ཡོད་པའི་རྒྱུ་མཚན་དེ་ཡང་བྱམས་པ་དང་བརྩེ་བ། བྱམས་པ་དང་བརྩེ་བའི་འགལ་ཟླ་དེ་ཞེ་སྡང་དང་འཁོན་འཛིན་གྱིས་བྱེད་ཀྱི་ཡོད། དེར་བརྟེན་ཞེ་སྡང་གི་གཉེན་པོར་བཟོད་པ་སྒོམ་རྒྱུ་དང་། འཁོན་འཛིན་གྱི་གཉེན་པོར་འཁོན་ལེན་མ་སློག་རྒྱུ། འདོད་རྔམ་གྱི་གཉེན་པོ་ཆོག་ཤེས་བྱ་རྒྱུ། རང་རྒྱུ་མཚན་དུ་བྱས་ནས་ངོ་ཚ་དང་གཞན་རྒྱུ་མཚན་དུ་བྱས་ན་ཁྲེལ་ཡོད་པ་བྱེད་ཆེད་རང་ཁྲིམས་སྡོམ་རྒྱུ་བཅས་བསླབ་བྱ་དེ་དག་ཆོས་ལུགས་ཚང་མའི་ནང་ཡོད། ལྟ་གྲུབ་མི་འདྲ་བ་ཡོད་པ་དེའང་མིའི་ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས་དགོས་མཁོ་ཡོད། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་མཁན་གཅིག་གྱུར་ནང་དུའང་ཁམས་དང་མོས་པ་མི་འདྲ་བ་ཡོད་སྟབས། བཅོམ་ལྡན་འདས་ཀྱིས་འདུལ་བྱ་སོ་སོའི་ཁམས་དང་མོས་པར་འཚམ་པའི་ཆོས་གསུངས་ཡོད། དཔེར་ན། མདོ་འགའ་ཤས་ནང་ཕུང་པོ་ལྔ་ནི་ཁུར་རོ། ཁུར་འཁུར་བ་པོ་ནི་གང་ཟག་གོ། ཞེས་གསུངས་ཡོད། མདོ་དེས་ཕུང་པོའི་ཁུར་འདི་འཁུར་མཁན་གང་ཟག་གཅིག་ཕུང་པོ་ལས་ལོགས་སུ་ཡོད་པ་འདྲ་པོ་གསུངས་པ་འདི་དགོས་པའི་དབང་གིས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་གསུངས་ཡོད། རིགས་འགའ་ཤས་ལ་མཐར་ཐུག་ཐེག་པ་གསུམ་གསུངས་པ་དང་། ཡང་སྐབས་རེ་མཐར་ཐུག་ཐེག་པ་གཅིག་རེད་གསུངས་ཡོད། དེ་བཞིན་མདོ་སྡེ་མང་པོའི་ནང་གང་ཟག་གི་བདག་མེད་ཙམ་གསུངས་པ་ལས་ཆོས་ཀྱི་བདག་མེད་གསུང་མེད། དཔེར་ན། འཁོར་ལོ་དང་པོའི་སྐབས་ཕུང་ཁམས་སྐྱེད་མཆེད་དེ་དག་རང་དང་སྤྱིའི་མཚན་ཉིད་གསུངས་ནས་རང་མཚན་ཡོད་པ་གཞིར་བཞག་ཐོག་ནས་གསུངས་ཡོད། འཁོར་ལོ་བར་པའི་སྐབས་ལ་ཕུང་ཁམས་སྐྱེད་མཆེད་ཚང་མ་རང་གི་མཚན་ཉིད་ཀྱི་མ་གྲུབ་པ་རེད། ཅེས་གསུངས་ཡོད།
ཡང་མདོ་སྡེ་དགོངས་འགྲེལ་ལྟ་བུའི་ནང་མཚན་ཉིད་གསུམ་དབྱེ་ནས་ཀུན་བཏགས་རང་གི་མཚན་ཉིད་ཀྱི་མ་གྲུབ་པ་དང་། གཞན་དབང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་གསུངས་ཡོད། རང་གི་མཚན་ཉིད་ཀྱིས་གྲུབ་མ་འགྲུབ་ཆ་དབྱེ་ནས་གསུངས་པ་ལྟ་བུ་མང་པོ་ཞིག་འཐོན་བཞིན་ཡོད་པ་དེ་དག་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན། གདུལ་བྱ་རང་རང་གི་ཁམས་དང་མོས་པ་མི་འདྲ་བ་གཅིག་གི་ཐོག་ནས་དགོས་དོན་གཙོ་བོ་བྱམས་པ། བརྩེ་བ། བཟོད་པ། ཆོག་ཤེས། འཁོན་འཛིན་མི་བྱེད་པ་བཅས་སེམས་གཏིང་ནས་ཡིད་ཆེས་སླེབས་པའི་ཐོག་ནས་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད།