༢༠༡༤ ཟླ་ ༤ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་དུ་ས་ཡོམ་དང་། ཚུ་ནཱ་མི་ (Tsunami) ཞེས་པའི་རྒྱ་མཚོའི་རྦ་རླབས་ཀྱིས་འབྱུང་བའི་གོད་ཆག དེ་བཞིན་རྡུལ་ཕྲན་ཀྱིས་རྐྱེན་པས་ཉི་ཧོང་ནང་མི་ཤི་སྐྱོན་ཆག་ཤུགས་ཆེ་བྱུང་སྟེ་མི་མང་མང་པོ་ཞིག་ལ་ད་དུང་ཡང་སེམས་ནང་དཀའ་ངལ་ཆེན་པོ་ཡོད་བཞིན་པ་དེ་དག་གིས་ཆེད་ཤིན་ཏའོ་ཆོས་ལུགས་ཀྱིས་གསོལ་འདེབས་སྨོན་ལམ་ཚོགས་སྐོང་གནང་བར་གདན་ཞུས་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་སྐོར་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
དེ་ཡང་ཐོག་མར་ཤིན་ཏའོ་ཆོས་ལུགས་ཀྱིས་ལྷན་ཚོགས་སུ་ཆོས་ཕྱོགས་ཀྱི་སྤྱན་འདྲེན་སོགས་སྔོན་དུ་བཏང་རྗེས་༸གོང་ས་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོད་ཕྱག་གསོལ་འདེབས་སྨོན་ལམ་སྔོན་དུ་བཏང་སྟེ་བཀའ་སློབ་ཕེབས་དོན། དེ་རིང་ཉི་ཧོང་གི་གནའ་བོའི་ཆོས་བརྒྱུད་ (Shinto) ཤིན་ཏའོ་ཆོས་ལུགས་ཀྱིས་ཉེ་བའི་ཆར་འདི་ཕྱོགས་སུ་ས་ཡོམ་དང་ཆུ་ལོག རྡུལ་ཕྲན་གྱི་འོད་རླབས་སོགས་ཀྱི་དཀའ་ངལ་འཕྲད་པར་སོང་སྐབས་དེར་མང་པོ་ཞིག་འདས་གྲོངས་སུ་གྱུར་བ་དང་། རྗེས་ཤུལ་དུ་ལྷག་ནས་ཡོད་པ་ཚོས་སེམས་ངལ་བྱས་ཏེ་གནས་ཡོད་པའི་འཇིགས་པ་དེ་དག་ལས་སྐྱོབ་པའི་ཆེད་དུ་འདི་གར་ཁྱེད་ཚོས་ལྷ་ལ་གསོལ་བ་འདེབས་རྒྱུ་འདིར་ངོས་རང་བཅར་ཐུབ་པར་ཧ་ཅང་བསྐལ་པ་བཟང་པོ་བྱུང་། ངོས་ནས་ཆོས་བརྒྱུད་ཡོངས་སུ་རྫོགས་པར་གུས་ཞབས་ཞུ་བཞིན་ཡོད། དེ་དག་གིས་མི་ལ་ཕན་གྱི་ཡོད་པ་རེད། དེར་བརྟེན་དེ་རིང་འདི་གར་ངོས་རང་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། དེ་སྔ་ངོས་རང་ཤིན་ཏའོ་ཡི་ལྷ་ཁང་ནང་ཐེངས་འགའ་ཞིག་བཅར་ཏེ་སྨོན་ལམ་འདེབས་རྒྱུའི་གོ་སྐབས་བྱུང་མྱོང་ཡང་ཐེངས་འདི་རྒྱས་ཤོས་ཤིག་ཆགས་ཡོད། ད་གིན་ཁྱེད་རང་ཚོས་ལྷ་མཆོད་རྒྱུ་དེ་ལྟ་བུ་མང་པོ་ཞིག་ཐུན་མོང་བ་རེད་འདུག སངས་རྒྱས་པའི་ཆོས་ལུགས་ནང་དུའང་ཁྲུས་གསོལ་དང་མཆོད་འབུལ་བྱེད་པའི་སྐབས་སྔོན་ལ་སྤྱན་འདྲེན་དང་། ཁྲུས་གསོལ་བྱེད་རྒྱུ། དེ་བཞིན་ཡན་ལག་བདུན་པའི་ཆོ་གའི་ཐོག་ནས་མཆོད་འབུལ་བྱེད་རྒྱུ། མཇུག་དེར་གཤེགས་གསོལ་བྱེད་རྒྱུ་བཅས་ད་གིན་ཁྱེད་ཚོས་གནང་རྒྱུ་དེ་དག་ཧ་ཅང་འདྲ་པོ་འདུག ད་གིན་ཁོང་ཚོས་གསོལ་འདེབས་སྨོན་ལམ་སྐབས་ ༼གྷོ་ཌི་༽ དཀོན་མཆོག་ཅེས་ཚིགས་གཅིག་པ་བྱས་ཏེ་གཅིག་ང་ཚོར་རོགས་གནང་མཁན་གྱི་དཀོན་མཆོག་གཅིག་དང་། གནོད་པ་སྐྱེལ་མཁན་གྱི་དཀོན་མཆོག་གཅིག་བཤད་མ་སོང་བ་དེ་ཡང་སངས་རྒྱས་པའི་གཞུང་ནང་གི་འཇིག་རྟེན་པའི་ལྷ་དང་འཇིག་རྟེན་ལས་འདས་པའི་ལྷ།
དེ་ཡང་འཇིག་རྟེན་ལས་འདས་པའི་ལྷ་ཞེས་པ་དེ་ནི་སངས་རྒྱས་དང་། སྙིང་རྗེའི་བདག་ཉིད། འཇིག་རྟེན་པའི་ལྷའི་ནང་གནོད་པ་སྐྱེལ་མཁན་དེ་འདྲ་ཡང་ཡོད་པ་རེད། དེ་དག་ཤོད་སྟངས་འདྲ་པོ་རེད་འདུག ཅེས་བཀའ་སློབ་ཕེབས་རྗེས་ཐེངས་འདིའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། མགོན་པོ་ཀླུ་སྒྲུབ་ཀྱིས། ཞུམ་པས་ཕོངས་པ་གྲོལ་བ་ཡོང་གི་མ་རེད། ཅེས་གསུངས་ཡོད་པ་ལྟར་ཕོངས་པ་ཞེས་དཀའ་ངལ་འཕྲད་ཡོད། བདེ་སྐྱིད་ཀྱི་ཕོངས་ཡོད་པའི་དཀའ་ངལ་དེ་སེམས་ཞུམ་བསྡད་ན་དེ་ལས་གྲོལ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་དཀའ་ངལ་འཕྲད་སྐབས་སྤྱིར་ང་ཚོ་མིའི་མི་ཚེའི་ནང་ལ་ངས་ཐུབ་ཀྱི་རེད་སྙམ་པའི་སྤོབས་སེམས་དང་ཡིད་ཆེས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཡང་སྒོས་ལྷག་པར་དཀའ་ངལ་འཕྲད་པའི་སྐབས་སུ་ངས་དཀའ་ངལ་དེ་སེལ་བསམ་པའི་སྤོབས་སེམས་དང་སྙིང་སྟོབས་དེ་ཧ་ཅང་གལ་ཆེན་པོ་ཡིན།
ས་ཡོམ་དང་ཆུ་ལོག རྡུལ་ཕྲན་གྱིས་འོད་རླབས་སོགས་ཀྱིས་དཀའ་ངལ་འཕྲད་པ་ཚོར་ད་རེས་ངོས་ནས་དམིགས་བསལ་གདུང་སེམས་མཉམ་སྐྱེ་ཡོད། དེ་སྔོན་ས་ཡོམ་སོགས་ཀྱི་དཀའ་ངལ་འཕྲད་སར་ངོས་རང་ཐེངས་གཅིག་བསླེབས་ཏེ་ཡུལ་པ་དཀའ་ངལ་འཕྲད་མཁན་ཚོས་ངོས་རང་ཐུག་སྟེ་ཁོང་ཚོས་མིག་ཆུ་གཏོང་གི་འདུག་ལ་ངོས་ཀྱང་མིག་ཆུ་ཤོར་གྲབས་བྱས་བྱུང་། ཧ་ཅང་སེམས་སྐྱོ་པོ་བྱུང་། དེ་དུས་ངོས་ནས་བརྗོད་རྒྱུ་བྱུང་། སེམས་ཁྲལ་བྱས་ཏེ་སེམས་ཤུགས་ཆག་ནས་བསྡད་ན་ཕན་ཐོགས་དང་ཡག་པོ་མེད། སེམས་མ་སྐྱིད་པ་བྱས་ཏེ་བསྡད་ན་སོ་སོར་དཀའ་ངལ་གོད་ཆག་ཆེན་པོ་བྱུང་བ་དེའི་སྟེང་ལ་ཁ་སྣོན་ལྟ་བུ་ཆགས་ཀྱི་ཡོད། དཀའ་ངལ་དང་གོད་ཆག་ཆེན་པོ་བྱུང་བར་སོང་ལྷག་པར་དུ་སེམས་ཤུགས་སྐྱེས་ཏེ་དཀའ་ངལ་དེ་སེལ་རྒྱུར་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་དེ་དུས་བརྗོད་རྒྱུ་བྱུང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཇར་མན་དང་ཉི་ཧོང་གཉིས་ལ་བརྗོད་པར་དཀའ་བའི་དམག་འཐབ་ནང་གཏོར་བཤིག་ཕོག་ཡོད།
འོན་ཀྱང་རྒྱལ་ཁབ་འདི་གཉིས་ཀྱིས་མི་མང་རྣམས་ཀྱིས་གཏོར་སྐྱོན་གྱི་ཐལ་རྡུལ་ནང་ནས་རྒྱལ་ཁབ་དེ་བསྐྱར་སྐྲུན་བྱས་ཡོད་པའི་སྐོར་ངོས་རང་འཛམ་གླིང་གི་ས་ཕྱོགས་གང་སར་བསྐྱོད་སྐབས་བརྗོད་བཞིན་ཡོད། དེར་བརྟེན་རྒྱལ་ཁབ་འདི་གཉིས་ཀྱིས་མི་མང་ནས་རྗེས་སུ་རིམ་པས་མང་གཙོ་དང་དཔལ་འབྱོར། ཆབ་སྲིད་སོགས་ཀྱི་ཐད་སྟོབས་ཤུགས་ཆེན་པོར་གྱུར་ཐུབ་པ་བྱུང་ཡོད། གྲུབ་འབྲས་འདི་དག་ཚང་མ་རང་ཉིད་ལ་བློ་སྟོབས་དང་གདེང་ཚོད་ཡོད་པར་བརྟེན། གཏོར་བཤིག་འདི་ལྟ་བུ་ཞིག་ཕོག་ཀྱང་བསྐྱར་སྐྲུན་ལེགས་པོ་ཐུབ་ཡོད་པ་དཔེ་མཚོན་དུ་བཟུང་ནས་ཁྱེད་ཚོས་སེམས་མ་ཞུམ་པར་སྙིང་སྟོབས་སྐྱེ་དགོས་པ་སོགས་ཀྱི་གདུང་སེམས་མཉམ་སྐྱེའི་བཀའ་སློབ་དང་རྗེས་སུ་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།།