༢༠༡༤ ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཞྭ་སེར་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་པ་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེ་ མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་དང་ལོ་ཆེན་རིན་པོ་ཆེས་དབུས་པའི་གདན་ས་ཆེན་ པོ་སེ་འབྲས་དགའ་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་དང་ཕྱོགས་བཞུགས་ སྤྱི་འཐུས་རྣམ་པ། ས་གནས་ཁྲིམས་ཞིབ་པ། སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་ས་གནས་འགོ་འཛིན་དང་ལས་གནས་པ་རྣམ་པ། གཞན་ཡང་ས་གནས་མང་ཚོགས་དང་བརྩེ་བའི་སློབ་ཕྲུག་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱིས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་ འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་ སྲུང་བརྩི་ཞུ་རྒྱུའི་ཐུགས་གཏན་འཁེལ་བ་ལྟར་གཞུང་འབྲེལ་གོ་སྒྲིག་ཚོགས་ཆུང་ ཆེད་འཛུགས་ཀྱིས། ད་ལམ་བྱེས་ཀྱི་གདན་ས་ཆེན་པོ་བཀྲི་ཤིས་ལྷུན་པོར་ང་ཚོས་འཁྲུངས་སྐར་རྒྱས་པ་ སྲུང་བརྩི་ཞུ་བཞིན་པ་རེད།
དེ་རིང་ཕྱོགས་གཅིག་ནས་ཀུན་གཟིགས་༸པཎ་ཆེན་ རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་དགའ་སྟོན་ཞིག་ཡིན་ནའང་། ཕྱོགས་གཞན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་ཁོང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་གནང་རྗེས་གར་སོང་ཆ་མེད་དུ་གྱུར་པའི་ཡིད་སྐྱོའི་གནས་སྟངས་ཆགས་ཡོད་ཅིང་། གལ་སྲིད་ཁོང་ལ་སྲོལ་རྒྱུན་ལྟར་བསླབ་པ་སློབ་གཉེར་གནང་རྒྱུའི་གོ་སྐབས་བྱུང་ཡོད་ན་ད་ཆ་སློབ་གཉེར་མཐར་སོན་ནས་བསྟན་པ་དང་འགྲོ་བའི་དོན་དུ་མཛད་འཕྲིན་བསྐྱང་རྒྱུའི་དུས་མཚམས་སུ་སླེབས་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ད་ལྟའི་ཆར་ཁོང་རྒྱ་ནག་གཞུང་གི་བཀག་རྒྱ་དམ་པོའི་འོག་ཕྱི་ཕྱོགས་ཀྱི་འཛམ་གླིང་སྤྱི་དང་། ཁྱད་པར་བོད་མི་མང་དང་འབྲེལ་བ་བྱེད་ས་མེད་པར་བཞག་པ་མ་ཟད། གང་དུ་ཡོད་མེད་དང་གནས་སྟངས་ཇི་ལྟར་ཡིན་མིན་སོགས་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད།
ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཐོག་མར་རྒྱ་ནག་གཞུང་གི་བཙན་འཁྲིད་དོ་དམ་བྱེད་སྐབས་དགུང་གྲངས་དྲུག་ལས་སོན་མེད་པ་དང་། སྐུ་ན་ཤིན་ཏུ་ཕྲ་བ་དགུང་ལོ་དྲུག་གི་གནས་སྐབས་ནས་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཚུད་དེ་འཛམ་གླིང་ནང་ཆབ་སྲིད་ཀྱི་བཙོན་པ་ལོ་ཆུང་ཤོས་ཆགས་ཡོད། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་གནད་དོན་དེ་ཆོས་ཕྱོགས་ཀྱི་བྱ་བ་འབའ་ཞིག་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད། ཁྱད་པར་ཆོས་མེད་རིང་ལུགས་ཀྱི་སྲིད་གཞུང་དང་དེ་བས་ཀྱང་འབྲེལ་བ་མེད་པ་འཛམ་གླིང་ཀུན་གསལ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་སུ་འགྲོ་བ་མིའི་བཟང་སྤྱོད་དང་། རྒྱལ་སྤྱིའི་ཁྲིམས་ལུགས། ཆོས་ཕྱོགས་ཀྱི་སྲོལ་རྒྱུན་སོགས་གང་ལའང་བརྩི་འཇོག་མེད་པར་སྡིག་པ་མིག་བཙུམ་གྱིས་དོ་དམ་བཀག་ཉར་བྱེད་མུས་ཡིན།
རྗེ་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ནས་བརྒྱུད་དེ་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བོད་བསྟན་པ་ཆབ་སྲིད་ལ་མཛད་རྗེས་ཆེན་པོ་བསྐྱངས་གནང་མཛད་པ་མ་ཟད། པཎ་ཆེན་བློ་བཟང་ཆོས་རྒྱན་ནས་བཟུང་རྒྱལ་བ་ཡབ་སྲས་རྣམ་གཉིས་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་དང་ཡང་སྲིད་ངོས་འཛིན་གནང་རེས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་བྱུང་ཡོད་པ་དང་། ༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲ་ཤིས་ལྷུན་པོ་ཐོག་མར་ཕྱག་བཏབ་མཁན་༸གོང་ས་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་པ་ཡིན་ནའང་། ༸པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་རྒྱལ་བ་ཡོན་ཏན་རྒྱ་མཚོའི་བླ་མ་དང་༸རྒྱལ་བ་ལྔ་པ་ཆེན་པོའི་དབུ་བླ་གཙོ་བོར་གནང་བས། ༸གོང་ས་ལྔ་པ་ཆེན་པོས་༸པཎ་ཆེན་བློ་བཟང་ཆོས་རྒྱན་ལ་གདན་ས་བཀྲ་ཤིས་ལྷུན་པོའི་བདག་དབང་བསྩལ་བ་ནས་བཟུང་བཀྲ་ཤིས་ལྷུན་པོ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར།
ཁྱད་པར་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཆེས་རྙོག་འཛིངས་དང་གཉན་འཕྲང་ཆེ་བའི་སྐབས་ སུ་སྐུ་འཁྲུངས་པ་ཡིན་སྟབས། སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བསམ་ཡུལ་ལས་འདས་པའི་དཀའ་ བ་བརྒྱ་ཕྲག་ཁྱད་དུ་བསད་ནས་རླབས་ཆེའི་མཛད་རྗེས་འཇོག་གནང་མཛད་ཡོད། བོད་ནང་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་སྐབས་ཕྱི་ལོ་ ༡༩༥༩ ལོའི་ལོ་འགོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་ཡིག་འབུལ་མི་ཆེད་གཏོང་གིས་གཞུང་བླ་གཉིས་ནུས་པ་གཅིག་ཏུ་བསྒྲིལ་ཏེ། ཤུགས་རྒྱག་རྒྱུ་གལ་ཆེན་པོ་ཡིན་པའི་དགོངས་བཞེས་གནང་བ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནས་ཕེབས་ཐོན་ཟིན་པའིི་ཉིན་ཤས་རྗེས་༸པཎ་ཆེན་རིན་པོ་ཆེར་ད་རེས་གློ་བུར་དུ་གསང་བྲོས་ཕེབས་དགོས་བྱུང་ཚུལ་སོགས་ཀྱི་བཀའ་ཡིག་བསྩལ་གནང་མཛད།
ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་ཕྱི་ ལོ་ ༡༩༦༢ ཟླ་ ༥ ཚེས་ ༡༨ ཉིན་རྒྱ་ནག་གི་དབང་སྒྱུར་གྱི་རྐྱེན་པས་བོད་ནང་གོད་ཆག་ཇི་བྱུང་དང་། བོད་མི་མང་ལ་གྱོང་གུན་ཇི་ཕོག་ཞིབ་འཇུག་མཐིལ་ཕྱིན་གྱིས་འཇིགས་ཞུམ་མེད་པར་དཔའ་ངར་ཆེན་པོའི་སྒོ་ནས་གོང་རིམ་ལ་སྙན་གསན་ཞུས་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་། རྒྱ་ནག་གཞུང་གིས་གསར་བརྗེ་དང་། བཅིངས་འགྲོལ། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ཟེར་བ་སོགས་མི་མང་མགོ་བོ་རྨོངས་བྱེད་ཀྱི་ མིང་ཚིག་ཇི་ལྟར་བེད་སྤྱོད་བཏང་རུང་། དོན་དངོས་ཐོག་བོད་མི་རིགས་རིག་གཞུང་དང་བཅས་པ་སྡུག་ལ་སྦྱར་བའི་གནས་སྟངས་ཞིབ་ཅིང་ཕྲ་བ་ཁུངས་ལུང་རྒྱུ་མཚན་བཅས་འགྲེལ་བརྗོད་གནང་ཡོད་སྟབས། ཐོག་མའི་ཆར་སྙན་ཞུའི་ནང་འཁོད་པ་ལྟར་ནོར་འཁྲུལ་ངོས་ལེན་དང་འབྲེལ་དགེ་སྐྱོན་ཡོ་བསྲང་ཆེད་བོད་ཀྱི་ལས་དོན་ལེགས་བཅོས་གཏོང་རྒྱུའི་ཡིག་ཆ་ཁག་བཞི་གཏན་འབེབས་གནང་འདུག་ཀྱང་། རྗེས་སུ་མའོ་ཙེ་ཏུང་གིས་གྲལ་རིམ་འཐབ་རྩོད་ཀྱི་སྲིད་བྱུས་འོག་ནས་༸པཎ་ཆེན་ རིན་པོ་ཆེར་སྐྱོན་བརྗོད་བྱེད་འགོ་ཚུགས་པར་བརྟེན། བོད་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་གླེང་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ཡང་ཞིང་བྲན་བདག་པོས་ཚུར་རྒོལ་བྱེད་པ་ཡིན་ཚུལ་གྱི་མ་ཉེས་ཁ་གཡོགས་འོག་འཛིན་བཟུང་འཐབ་འཛིངས་དང་། མི་ལོ་བཅུ་ལ་ཉེ་བའི་རིང་མུན་པའི་བཙོན་དོང་ནང་བཞུགས་དགོས་བྱུང་བ་སོགས་འོ་བརྒྱལ་ཚད་མེད་བྱུང་ཡོད།
བོད་ནང་རིག་གནས་གསར་བརྗེ་ཞེས་པའི་སྨྱོན་པའི་བྱ་སྤྱོད་མ་བྱུང་གོང་དུའང་བོད་མིའི་ཆོས་རིག་གོམས་གཤིས་གཏོར་བཤིག་ཚབས་ཆེ་བཏང་ཟིན་པ་དང་། བོད་མི་འབུམ་ཕྲག་མང་པོ་མ་ཉེས་ཁ་གཡོགས་འོག་འཛིན་བཟུང་བཙོན་འཇུག་དང་རྐྱེན་ལམ་དུ་བཏང་བའི་གནས་སྟངས་ཇི་ཆགས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་། ‘‘བོད་ལྗོངས་ལ་ཆེ་འབྲིང་ཆུང་གསུམ་གྱི་དགོན་སྡེ་གྲངས་ཉིས་སྟོང་ལྔ་བརྒྱ་ལྷག་ཡོད་ཀྱང་། དམངས་གཙོའི་བཅོས་སྒྱུར་རྗེས་སྲིད་གཞུང་གིས་སོར་བཞག་བྱས་པའི་དགོན་སྡེ་བདུན་ཅུ་ལྷག་ཙམ་ལས་མེད་སྟབས། བརྒྱ་ཆ་དགུ་བཅུ་གོ་བདུན་ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད།’’ ཅེས་དང་། ‘‘དམངས་གཙོ་བཅོས་སྒྱུར་མཇུག་སྒྲིལ་རྗེས། དགོན་པར་སྡོད་པའི་གྲྭ་བཙུན་བདུན་སྟོང་ཡོད་པའི་དབང་དུ་བཏང་ཡང་བརྒྱ་ཆའི་དགུ་བཅུ་གོ་གསུམ་ཉུང་དུ་ཕྱིན་ཡོད་པ་རེད།’’ ཅེས་དང་། ‘‘སྤུན་ཟླ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དེ་དག་གི་དགོན་པ་དང་། གྲྭ་བའི་གྲངས་འབོར་དེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་མ་བཏང་བའི་སྔོན་ལས་ བརྒྱ་ཆ་དགུ་བཅུ་གོ་བརྒྱད་ནས་གོ་དགུ་ཇེ་ཉུང་དུ་སོང་འདུག’’ ཅེས་དང་།
བོད་ མི་མང་པོ་བཙོན་འཇུག་རྐྱེན་ལམ་དུ་བཏང་བའི་སྐོར་འཁོད་དོན། ‘‘ཟིང་འཁྲུག་གི་རྗེས་སུ་བོད་རིགས་ནང་མི་གྲངས་ག་ཚོད་འཛིན་བཟུང་བྱས་པ་ང་ཚོས་ གསལ་པོར་ཤེས་དཀའ། ཡིན་ནའང་ཕྱི་ཚུལ་ནས་བཙོན་པའི་གྲངས་འབོར་ཚོད་རྩིས་བྱས་པ་ཡིན་ན། ས་ཁུལ་རེ་རེ་ལ་མི་གྲངས་ཁྲི་ཡས་མས་དང་ཁྲི་ལྷག་འཛིན་བཟུང་བྱས་འདུག’’ ཅེས་དང་། ‘‘བཙོན་འཇུག་བྱས་པའི་ཉེས་ཅན་པའི་གྲངས་འབོར་མང་དྲགས་པའི་རྐྱེན་གྱིས་དོ་དམ་བྱེད་དཀའ་བའི་གནས་ཚུལ་བྱུང་ཡོད་པ་དང་། ་་མི་འབུམ་ཕྲག་མང་པོ་རྐྱེན་ལམ་དུ་ཤོར་ནས། བཙོན་པའི་ཕུང་པོ་སྦས་མི་ཚར་བའི་གནས་ཚུལ་ཐོན་འདུག’’ ཅེས་དང་། ‘‘མདོར་ན་ལོ་འགའ་ཤས་རིང་བོད་རིགས་འབོར་ཆེ་ཙམ་ཆུད་ཟོས་སུ་སོང་བ་དང་། ས་གནས་ཁག་ཚང་མའི་མི་འབོར་ལ་ཚད་གཞི་མི་འདྲ་བའི་ཐོག་ཉུང་འཕྲི་ངེས་ཅན་ཞིག་བྱུང་ཡོད་པ་དང་། ཅུང་ཚབས་ཆེ་བའི་ས་གནས་ལ། བུད་མེད་དང་རྒན་བྱིས་ཙམ་ལས་ལྷག་མེད་པ་གསལ་པོར་མཐོང་ཐུབ་པ་དང་། ་་འདི་ནི་ང་ཚོ་བོད་རིགས་རང་ཉིད་ལ་མཚོན་ན་ཉེན་ཚབས་ཀྱི་གནད་དོན་ཞིག་རེད།’’ ཅེས་སོགས་གསུངས་ཡོད།
ཕྱི་ལོ་ ༡༩༧༧ ཟླ་ ༡༠ ཚེས་ ༡༠ ཉིན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་རྗེས་སླར་ཡང་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ལ་ཞབས་ཀྱིས་བཅག་ནས་བོད་མི་ས་ཡ་དྲུག་གི་བདེ་དོན་སྤྱི་དང་། ཁྱད་པར་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་ཆོས་རིག་གོམས་གཤིས་དང་སྐད་ཡིག་ ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐབས་ཀྱི་མཛད་འཕྲིན་བླ་ན་མེད་པ་བསྐྱངས་གནང་མཛད།
ཕྱི་ལོ་ ༡༩༨༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་མཛད་པ་དང་། སྐབས་དེར་མང་ཚོགས་ལ་བཀའ་སློབ་ཕེབས་པའི་ནང་‘‘ངོས་ཀྱི་རེ་བ་ལ་མི་རིང་བར། ༸རྒྱལ་བ་ཐམས་ཅད་མཁྱེན་པ་བོད་ལ་ཕེབས་རྒྱུ་བྱུང་ནས་ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་ ཆེན་མོ་ལ་སོགས་པའི་ཆོས་ཀྱི་མཛད་སྒོ་དེ་ཚོའི་གཙོ་སྐྱོང་གནང་རྒྱུའི་སྐལ་བ་བཟང་པོ་འཆར་བའི་སྨོན་འདུན་ཞུ་གི་ཡོད།’’ ཅེས་དང་། ‘‘༸རྒྱལ་བ་ཐམས་ཅད་མཁྱེན་པ་དང་ངོས་གཉིས་ནི་ཆོས་གྲོགས་ཡིན། ངོས་གཉིས་ཀྱི་བར་མི་མཐུན་པའི་ཆ་ཕྲ་མོ་ཙམ་ཡང་མ་མཆིས། ་་མི་རིགས་ཐམས་ཅད་དང་ལྷག་པར་བོད་མི་རིགས་ནང་ཁུལ་འཆམ་མཐུན་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། ངོས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་སེམས་ཁུར་ལྷོད་མེད་བྱེད།’’ ཅེས་བཀའ་གནང་ཡོད།
ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༨ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་ཆེན་ཐེངས་ལྔ་པར་ཞུགས་མཁན་བོད་ཀྱི་འཐུས་མིའི་ཚོགས་ཆུང་གི་གྲོས་བསྡུར་ཐོག་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཀྱི་དབང་གིས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་གོམས་གཤིས་བཅས་པར་ཉམས་ཆག་ཚབས་ཆེ་ཕོག་པར་སྐྱོན་བརྗོད་དང་། མ་འོངས་པར་དགེ་སྐྱོན་ཡོ་བསྲང་བྱེད་དགོས་པའི་དགོངས་འཆར་ཐུགས་སྤོབས་ཆེན་པོའི་སྒོ་ནས་འདོན་གནང་མཛད། བོད་མི་རིགས་ཀྱི་བླ་སྲོག་བོད་ཀྱི་སྐད་ཡིག་རྩ་མེད་འགྲོ་བཞིན་པ་ལས་སྐྱོབ་ཐབས་སུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་འགའ་ཤས་ཚོད་ལྟར་ ལག་བསྟར་བྱེད་རྒྱུ་སྐོར་གྲོས་ཆོད་གཏན་འབེབས་གནང་བ་ལ་བརྟེན་ནས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུར་གྲུབ་འབྲས་ཆེན་པོ་ཐོན་ཡོད། དེ་མཚུངས་བོད་མི་མང་གི་འཚོ་བའི་མཐུན་རྐྱེན་དང་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཆེད་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་གསར་འཛུགས་གནང་།
ཁྱད་པར་༸པཎ་ཆེན་རིན་པོ་ཆེ་དགོངས་པ་མ་རྫོགས་པའི་ཉིན་ཤས་གོང་བཀྲིས་ལྷུན་པོར་ ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༣ ཉིན་སེར་སྐྱ་དཔོན་རིགས་རྣམས་ལ་བོད་ཀྱི་ལས་དོན་སྐོར་དང་། ཚེས་ ༢༤ ཉིན་བླ་སྤྲུལ་ཚོར་ཡང་སྲིད་སྐོར་བཅས་བཀའ་སློབ་གལ་གནད་ཆེ་བ་གཉིས་ཕེབས་འདུག་པའི་ནང་ ‘‘བཅིངས་འགྲོལ་བཏང་བ་ནས་དུས་ད་ལྟའི་བར་དུ་རང་ཅག་ལ་ཡར་རྒྱས་ཕྱིན་ཡོད་དམ་ཞེ་ན་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན། དེ་ནི་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་རང་ཅག་ཚོས་བློས་བཏང་བའི་གྱོང་གུན་གྱི་རིན་ཐང་དང་། ཡར་རྒྱས་ཕྱིན་པའི་གྲུབ་འབྲས་ཀྱི་རིན་ཐང་གཉིས་བསྡུར་ནས་བཤད་ན། གྱོང་གུན་གྱི་རིན་ཐང་དེ་དེ་བས་ཆེ་བ་ཆགས་ཡོད།’’ ཅེས་མཇུག་སྡོམ་གནང་ཡོད།
དེ་ ནས་ཉིན་གྲངས་བཞིའི་རྗེས་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགུང་གྲངས་ལྔ་བཅུ་ང་གཅིག་ལ་ཕེབས་སྐབས་གནས་ སྟངས་གསལ་པོ་མེད་པར་དྭོགས་གཞིའི་འོག་གློ་བུར་དུ་དགོངས་པ་མྱ་ངན་ལས་འདས་པ་ནི་བོད་མི་རིགས་ལ་གྱོང་གུན་ཚབས་ཆེ་ཕོག་པ་མ་ཟད། གཞིས་བཞུགས་བོད་མི་རྣམས་ཇི་ཙམ་མགོན་སྐྱབས་དཔུང་གཉེན་དང་བྲལ་བར་གྱུར་པའི་གནས་སྟངས་ཚང་མས་ཤེས་གསལ་རེད་ལ། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་རྗེས་གསང་ཡུམ་བཞེས་ཚུལ་མཛད་པ་དང་། སྲས་མོ་རིག་འཛིན་དབང་མོ་འཁྲུངས་པ་ཁོང་རྣམ་གཉིས་ལའང་ཡིད་སྐྱོའི་གནས་ཚུལ་ཆགས་ ཡོད།
མདོར་ན། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་མཇུག་ཏུ། ‘‘ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།’’ ཅེས་གསུངས་པ་ལྟར། བོད་མི་རིགས་ཀྱི་བདེ་དོན་དང་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གཏོང་ཆེད་གོང་གི་དཔོན་པོའི་ཐུགས་ལ་ཕོག་དྭོགས་ཀྱི་འཇིགས་ཞུམ་དང་། ཁོང་སྐུ་སྒེར་གྱི་ཐོབ་གོ་ས་དང་ལུས་སྲོག་གང་ལའང་ལྟོས་པ་མེད་པར་དཔའ་ངར་ཆེན་པོའི་སྒོ་ནས་བདེན་དོན་གསུང་ཕོད་པའི་རླབས་ཆེའི་དབུ་ཁྲིད་ཅིག་ཡིན་པ་རྩོད་མེད་ཡོངས་གྲགས་ཡིན།
ཚང་མས་མཁྱེན་གསལ་ལྟར་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་ལམ་ལུགས་གཞི་བཟུང་ལོ་མང་རིང་བརྟག་དཔྱད་ཞིབ་བསྡུར་གནང་རྗེས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པའི་ངོས་འཛིན་གསལ་བསྒྲགས་གནང་བ་དང་སྦྲགས། ཡང་སྲིད་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་སློབ་གཉེར་གསན་བཞེས་དང་། ཆོས་ཕྱོགས་ཀྱི་མཛད་འགན་བཞེས་རྒྱུར་རྒྱ་ནག་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་གནང་མཛད་ཀྱང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེེ་བཀག་རྒྱ་དམ་པོའི་འོག་ད་བར་ཡང་སྲིད་རིན་པོ་ཆེ་མཇལ་ཡུལ་མེད་པར་བཟོས་པ་དང་། གར་སོང་ཆ་མེད་དུ་གྱུར་པ་འཛམ་གླིང་ཡོངས་ཀྱིས་ཤེས་གསལ་ལྟར་རེད།
འཛམ་ གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མང་གཙོའི་ཁེ་དབང་དར་ཁྱབ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་བཟང་སྤྱོད། ཐ་ན་སོ་སོའི་ཁྲིམས་ལུགས་ཚུན་ཆད་གང་ལའང་བརྩི་འཇོག་མེད་པར་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ཁོ་ནའི་ཆེད། དགུང་ལོ་དྲུག་ལས་མ་སོན་པའི་བྱིས་པ་ཞིག་ད་བར་དོ་དམ་བཀག་ཉར་བྱས་པ་ནི་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་མཚན་ཤས་དང་། ཁྱད་པར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མང་གཙོའི་ཁེ་དབང་གལ་ཆེར་བརྩི་མཁན་ རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ ཉི་མ་མཆོག་མྱུར་དུ་གློད་གྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་མུ་མཐུད་རེ་འདོན་ཞུ་སྐུལ་གནང་རོགས་ཞུ་རྒྱུ་དང་། རྒྱ་ནག་གཞུང་གི་ངོས་ནས་ཀྱང་བོད་རྒྱ་མི་རིགས་ཡོངས་ཀྱི་ཁེ་ཕན་དང་། རྒྱལ་སྤྱིའི་ནང་རྒྱ་ནག་རྒྱལ་ཁབ་ཀྱི་མཚན་མཐོང་ལ་རྒྱ་བཅས་ལ་དགོངས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་འགྲོལ་གྱིས་སྔར་སྲོལ་ལྟར་རྒྱལ་བ་ ཡབ་སྲས་རྣམ་གཉིས་ལྷན་འཛོམས་བྱ་རྒྱུའི་གོ་སྐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་ལས་གནས་འཛིན་མཁན་ཡོངས་དང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་གཙོས་ཚོགས་སྒེར་ཁག་མང་པོས་ད་བར་ཀུན་ གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཁྱད་པར་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་རིམ་པ་སྤེལ་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
མཐའ་དོན། ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་དང་། གང་མྱུར་རྒྱ་ནག་གཞུང་གི་བཀག་ཉར་ནས་གློད་གྲོལ་ཐོབ་ཅིང་། སྐུ་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་སྐུ་ཚེ་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ ལ།། །།