༢༠༡༤ ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །དེ་རིང་འདི་ག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ལྷ་དགུང་ ༢༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོའི་ཉིན་མོར་ཆེད་དུ་མངགས་ནས་ཕེབས་པའི་སྐུ་མགྲོན་གཙོ་བོ། འཇམ་མགོན་༸རྒྱལ་བའི་གདུང་ཚོབ་ཆེན་པོ་སྐྱབས་རྗེ་དགའ་ལྡན་ཁྲི་པ་རི་རྫོང་སྲས་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དཔལ་ལྡན་སྲིད་སྐྱོང་མི་རྗེ་མཁས་དབང་འབུམ་རམས་པ་བློ་བཟང་སེང་གེ་མཆོག དེ་བཞིན་སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག་དང་བྱང་རྩེ་ཆོས་རྗེ་རིན་པོ་མཆོག རིས་མེད་ཆོས་བརྒྱུད་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པས་དབུས་སྐྱབས་ཡུལ་དམ་པ་བླ་སྤྲུལ་དགེ་འདུན་གྱི་སྡེ་དང་། ལྷོ་སྤྱི་མཆོག་དང་ལྷོ་གཞིས་ཁག་ལྔའི་ས་གནས་དབུ་འཛིན་རྣམ་པས་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་དབུ་ལས་རྣམ་པ་དང་། ཤེས་བྱ་རིག་པའི་ལྟེ་གནས་སློབ་གྲྭ་ཁག་གི་དགེ་སློབ་རྣམ་པ་བཅས་ཀྱིས་དབུས་འདིར་ཕེབས་སེར་སྐྱ་མི་མང་ཡོངས་ལ་གུས་པས་གཞིས་བྱེས་གདན་ས་བཀྲ་ཤིས་ལྷུན་པོའི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་མི་ཡི་རྣམ་པར་རོལ་བ་༸ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་བོད་ལྗོངས་ནག་ཆུ་ལྷ་རི་རྫོང་གི་ས་ཡི་ལྟེ་བར་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་བདག་ཅག་བོད་འབངས་ཡོངས་ཀྱིས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་མགོན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། མགོན་པོ་མཆོག་གི་ཐ་ལམ་ཚུལ་བསྟན་གྱི་སྐུ་གེགས་ངན་པ་མྱུར་དུ་ཞི་ནས་སྤྱི་སྒོས་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ནང་༸པཎ་ཆེན་སྐུ་ཕྲེང་ན་རིམ་རྣམས་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགྲོ་བའི་དོན་དུ་རླབས་ཆེན་གྱི་མཛད་རྗེས་ཆེ་བའི་སྐྱེས་བུ་དམ་ཞེ་ཅིག་བྱོན་ཡོད། ལྷག་པར་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི་སྐུ་ན་ཕྲ་མོ་ཉིད་ནས་སེམས་དཔའ་ཆེན་པོའི་རང་རྟགས་ཆེས་ཆེར་མངོན་ཏེ་བོད་མི་དམངས་ཀྱི་བདེ་སྡུག་ཁོ་ནར་གཟིགས་པ་ལས་རང་བདེ་དང་ཁེ་འདོད། དབང་དང་མིང་གྲགས་སོགས་ཀྱི་དགོངས་པའི་ཆ་ཙམ་མ་བཞེས་པར། བོད་མི་རིགས་ཀྱི་བདེན་དོན་ཆེད་སྐུ་ལས་བསྐྱོན་ནས་མི་སྲུན་སྐྱེ་བོའི་ཚོགས་ཀྱིས་སྐུ་ལུས་ལ་རྡུང་རྡེག་མནར་གཅོད་ཚད་མེད་ཕོག་པ་མ་ཟད།
མི་ལོ་བཅུ་གྲངས་རིང་མུན་པའི་བཙོན་དོང་ནང་དུ་བཞུགས་དགོས་བྱུང་ཡོད། ལོ་ངོ་དེ་དག་ནང་དཀའ་སྡུག་ཇི་ཙམ་འཕྲད་ཀྱང་ནམ་ཡང་འཇིགས་ཞུམ་མེད་པར་སྙིང་སྟོབས་ཀྱི་གོ་ཆ་བཙན་པོར་བཞེས་ཏེ། གངས་ལྗོངས་བསྟན་པའི་མེ་རོ་གསོ་ཐབས་དང་། མི་དམངས་ཡོངས་ཀྱི་འཚོ་བའི་དཀའ་ངལ་སེལ་ཐབས་སུ་ལོ་རབས་བརྒྱད་ཅུའི་ནང་སླར་ཡང་ཆོལ་གསུམ་ཞབས་ཀྱིས་བཅགས་ཤིང་། བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ། ཡུལ་གོམས་གཤིས་ལུགས་རྒྱུད་འཛིན། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ། ཆབ་སྲིད་བཙོན་པ་གློད་བཀྲོལ། སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ། མི་རིགས་རང་སྐྱོང་གི་བདག་དབང་སོགས་ཀྱི་གནད་དོན་ཐད་སྲིད་གཞུང་དང་གདུང་རྩེ་ཁ་སྤྲོད་ཀྱི་འཐབ་རྩོད་དྲག་པོ་གནང་མཐར་སྤྱི་ལོ་ ༡༩༨༩ ལོར་དགུང་ལོ་ ༥༢ ལས་མ་ཕེབས་ཀྱང་གློ་བུར་དུ་དགོངས་པ་གཞན་དོན་དུ་གཤེགས་དགོས་བྱུང་ཡོད། ཁོང་ཉིད་དགོངས་པ་རྫོགས་པ་དེས་བོད་ཀྱི་གནད་དོན་སྤྱི་དང་།
ལྷག་པར་བོད་ནང་དུ་ཡོད་པའི་མི་དམངས་ཚོར་གྱོང་གུན་ཚབས་ཆེན་ཕོག་ཡོད། ཕྱི་ནང་རྐྱེན་ངན་རུ་འཛིང་སྣ་ཚོགས་འོག་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་རྫོགས་སྟེ་ད་བར་ལོ་ངོ་༢༥སོང་བ་རེད། ཁོང་གི་སྐུའི་ཟུངས་ཁྲག་དང་བརྗེས་པའི་བོད་མི་རིགས་ཀྱི་ཆོས་དང་སྲིད། སྐད་ཡིག་དང་རིག་གནས། མི་དམངས་བདེ་སྐྱིད་ཀྱི་འཚོ་བ་སོགས་ཉམས་འགོ་ཚུགས་ནས་ལོ་ངོ་ཉེར་ལྔ་སོང་བ་རེད། དེ་བས་བོད་ནང་དྲང་བདེན་དང་། རང་དབང་། འདྲ་མཉམ་གྱི་སྐོར་སོགས་ཤོད་ས་མེད་པར་ལོ་ངོ་ཉེར་ལྔ་སོང་བ་རེད། དེ་ལྟར་སྡུག་ནས་སྡུག་ཏུ་སོང་བའི་བགྲང་བྱ་ཉི་ཤུ་རྩ་ལྔ་ཡི་ནང་། བོད་མི་རིགས་ལ་དུང་ཞེན་ཡོད་པ་ཀུན་གྱིས་ཁོང་ཉིད་ལྷག་པར་དུ་དྲན་ཤིང་སེམས་སྐྱོ་བའི་སྒོ་ནས་རྗེས་དྲན་ཞུ་བཞིན་ཡོད། དེ་རིང་ང་ཚོས་ཀྱང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྐུ་དྲིན་ཡིད་ལ་དྲན་པའི་སྒོ་ནས་ཁོང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་འགྲུབ་པའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན།
གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན། ཞེས་བོད་མི་རིགས་ཀྱི་དམངས་ཁྲོད་ཁ་རྒྱུན་དུ་ཡོད་པ་བཞིན་འཕགས་མཆོག་སྤྱན་རས་གཟིགས་དང་རིགས་ཀྱི་ཅོད་པཎ་མགོན་པོ་འོད་དཔག་མེད་གཉིས་ཀྱི་རྣམ་སྤྲུལ་༸རྒྱལ་བ་པཎ་ཆེན་ཡབ་སྲས་རྣམ་གཉིས་ནི། དང་པོར་ཐུགས་བསྐྱེད་པ་ནས་བཟུང་འཕགས་བོད་གཉིས་སུ་ཆོས་རྒྱལ་ལོ་པཎ་སོགས་ཀྱི་སྤྲུལ་པའི་སྐུར་བཞེས་ནས་བསྟན་པ་དང་འགྲོ་བའི་དོན་མཛད་པ་དང་། ལྷག་པར་བོད་ཀྱི་ལོ་རྒྱུས་ནང་གི་སྡེ་གཟར་རྙོག་འཛིང་ཆེ་བའི་དུས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དཀའ་བ་བརྒྱ་ཕྲག་འཁུར་དུ་བཞེས་ཏེ་༸གོང་ས་༸རྒྱལ་དབང་ལྔ་པ་ཆེན་པོ་ངོས་འཛིན་དང་དགེ་ཚུལ་སློང་གི་སྡོམ་པ་འབོག་བཞེས་མཛད་པ་ནས་བཟུང་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་འབྲེལ་བའི་སྒོ་ཚུགས། དེ་ནས་རྒྱལ་བ་ཡབ་སྲས་སྐུ་ཕྲེང་རིམ་བྱོན་ནང་། ཕན་ཚུན་སྤྲུལ་སྐུ་ངོས་འཛིན་མཛད་རེས་དང་།ཕན་ཚུན་བླ་སློབ་རེས་མོས་ཀྱི་ཚུལ་བཞེས་ཏེ་གངས་ལྗོངས་བསྟན་འགྲོའི་དོན་དུ་མཛད་འཕྲིན་རྒྱ་ཆེན་བསྐྱངས་ཡོད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཚད་ཐུག་དེ་དག་གཞི་ལ་བཞག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འཁུར་ཆེན་བདག་གིར་བཞེས་ཏེ། བོད་ལྗོངས་ནག་ཆུ་ལྷ་རི་རྫོང་དུ་འཁྲུངས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་མཛད་དེ་སྤྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་མཛད་པ་རེད། འོན་ཀྱང་བོད་འབངས་སྤྱི་མཐུན་གྱི་བསོད་ནམས་དམན་པས་གསལ་བསྒྲགས་མཛད་པའི་ཉིན་གསུམ་གྱི་རྗེས་སུ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་མཆེད། བོད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་དབུ་འཛིན་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སོགས་གནད་ཡོད་ཀྱི་མི་སྣ་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཏེ་དུས་ད་ལྟའི་བར་དུའང་གཞུང་སྒེར་སུས་ཀྱང་ཁོང་རྣམས་གར་ཡོད་བརྩད་གཅོད་ཐུབ་ཀྱི་མེད་པ་མ་ཟད།
རྒྱ་ནག་གཞུང་གིས་༸རྒྱལ་བ་ཡབ་སྲས་ཀྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་ལ་ངན་སེམས་ཐེ་ཇུས་བྱས་ནས་ལོ་དེར་ཚ་ཚ་འུར་འུར་ངང་ཛ་དྲག་གི་ལས་འགུལ་སྤེལ་ཏེ་ནག་ཆུ་རྫོང་ནས་བོད་ཀྱི་བྱིས་པ་རྒྱལ་མཚན་ནོར་བུ་ཟེར་བ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་བཙན་བསྐོས་བྱས་ཏེ་བོད་མི་དམངས་ཀྱི་མངོན་འདོད་དང་ཆོས་དད་ཀྱི་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་ཡོད། ཤིན་ཏུ་ཚབས་ཆེའི་གནད་དོན་དེ་དག་གི་ཐད་ང་ཚོས་ད་བར་རྒྱལ་སྤྱི་རང་བཞིན་ལྡན་པའི་འདྲི་རྩད་ཐེངས་མང་བྱས་ཀྱང་རྒྱ་ནག་གཞུང་ངོས་ནས་དོན་དངོས་དང་འཚམ་པའི་བརྡ་ལན་གསལ་པོ་ཞིག་རྩ་བ་ནས་གནང་མྱོང་མེད་ལ། དེ་བས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་ཞབས་བྱ་བྲལ་རིན་པོ་ཆེའི་གནས་སྟངས་སྐོར་གྱི་སྐུ་དཔར་ཙམ་ཡང་སྟོན་མྱོང་མེད། དེར་བརྟེན་ཁོང་རྣམས་འཚོ་བཞུགས་ཡོད་མེད་ཐད་ལ་ང་ཚོར་བློ་འཚབ་ཆེན་པོ་ཡོད།
དེ་རིང་ང་ཚོས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་༢༥ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད་ཀྱང་། སེམས་ནང་མི་བདེ་བའི་ཚོར་སྣང་ཤུགས་ཆེན་ཡོད། འདས་ཟིན་པའི་མི་ལོ་བཅུ་དགུའི་རིང་འཛམ་གླིང་ནང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་སྐུ་དཔར་ཙམ་ཡང་མཇལ་ཡུལ་དུ་མེད་པ་དང་། ཁོང་གི་སྐྱེ་བུ་སྒེར་གྱི་སྨྲ་བརྗོད་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཡོངས་རྫོགས་བརླག་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པ་དང་། རྒྱ་ཆེའི་བོད་མི་དམངས་ཡོངས་ཀྱི་ཆོས་དད་ཀྱི་བསམ་པའི་རང་དབང་རྩ་བ་ནས་མེད་པ་སོགས། དངོས་པོའི་གནས་ཚུལ་དེ་དག་གིས་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་འོག་བོད་ཀྱི་མི་དམངས་ལ་བྱིས་པའི་ཐོབ་ཐང་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་མོས་སོགས་ཀྱི་ཐོབ་ཐང་རྩ་བ་ནས་མེད་པར་དོན་དངོས་ཐོག་བོད་མི་རྣམས་ཉིན་ལྟར་རྒྱ་ནག་གཞུང་གི་འོག་ཏུ་མནར་གཅོད་ཚད་མེད་མྱོང་བཞིན་ཡོད་པ་གསལ་པོར་མངོན་ཐུབ།
ད་ཆ་བོད་ཕྱི་ནང་གཉིས་ནས་བོད་མི་བརྒྱ་ཕྲག་བརྒལ་བས་རང་ལུས་མེར་སྲེག་བཏང་སྟེ་བོད་མི་དམངས་ལ་རང་ལུས་རང་དབང་དགོས་པ་དང་། ༸རྒྱལ་བ་ཡིད་བཞིན་ནོར་བུ་བོད་དུ་གདན་འདྲེན་ཞུ་དགོས། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་ཞེས་བོད་མི་རིགས་ཀྱི་མངོན་འདོད་རྣམས་གཅེས་པའི་ཚེ་སྲོག་དང་བསྡོས་ཏེ་རེ་འབོད་ཞུ་གི་ཡོད། བོད་ཀྱི་ནང་ཆོས་ཀྱི་སློབ་གསོ་དང་། རང་ཆས་སུ་འཇགས་པའི་མི་རིགས་ཀྱི་གོམས་གཤིས་བཟང་པོ་དག་ལ་བརྟེན་ནས་ད་བར་བོད་མིས་འཚེ་མེད་ཞི་བའི་ངོ་རྒོལ་ཁོ་ན་བྱས་ཡོད། གལ་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བདེའི་ལམ་སྟོན་དེ་དག་མེད་པའི་ཉིན་མོ་ཞིག་ཤར་ཚེ། འུ་ཐུག་ཐབས་ཟད་དུ་གྱུར་བའི་བོད་ནང་གི་མི་དམངས་ཚོས་རང་ལུས་མེར་སྲེག་གི་ཚབ་ཏུ་དྲག་པོའི་ལས་འགུལ་མ་སྤེལ་བའི་ངེས་པ་མེད་ཅིང་། རང་སྲོག་བློས་གཏོང་ཐུབ་པའི་མི་རིགས་ཤིག་གིས་གཞི་རྒྱ་ཆེ་བའི་དྲག་པོའི་ལས་འགུལ་སྤེལ་ཚེ་རྒྱ་ནག་གཞུང་ལའང་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་ཡིན། དེར་བརྟེན་རྒྱ་ནག་གཞུང་ངོས་ནས་བོད་ཀྱི་གནད་དོན་མཐའ་དག་མི་འགྱངས་བར་གཉིས་ཕན་དབུ་མའི་ལམ་བཟང་ཐོག་ནས་ཐག་གཅོད་ཐུབ་རྒྱུར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། བོད་དོན་སྤྱི་དང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་བཀྲོལ་ཡོང་རྒྱུའི་གནད་དོན་ཐག་གཅོད་མ་བྱུང་བར་ང་ཚོས་མུ་འཐུད་རྒྱལ་སྤྱིའི་ཐོག་བྱ་ཐབས་སྣ་ཚོགས་ཀྱི་ལས་འགུལ་སྤེལ་རྒྱུ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན།
དེ་རིང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༢༥ ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོ་འདི་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་ཐོག་སྲུང་བརྩི་གནང་བ་དེ་ནི་ཆེས་དགོས་ངེས་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚང་མས་དགའ་བསུ་ཐོབ་འོས་པ་དང་། མཁས་མཛངས་ལྡན་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་རླབས་ཆེ་བའི་བྱས་རྗེས་ཤིག་ཡིན་པར་ངོས་འཛིན་དང་གུས་བཀུར་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་དུང་ང་ཚོས་མུ་མཐུད་གཞུང་དམངས་ཟོང་ཁ་གཅིག་ཏུ་བསྒྲིལ་བའི་ལས་འགུལ་གང་མང་སྤེལ་ཐུབ་ཚེ། མི་རིང་བར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་ཅིག་བོད་མི་དམངས་ཀྱི་བསོད་ནམས་ཀྱི་སྒོ་བསྐལ་དུ་མཇལ་ཐུབ་རྒྱུ་སྨོས་མེད་རེད།
ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་ང་ཚོས་ད་བར་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། སྐུ་ཞབས་བྱ་བྲལ་རིན་པོ་ཆེ་སོགས་བོད་ཀྱི་བདེན་དོན་ཆེད་གར་སོང་ཆ་མེད་དུ་གྱུར་བའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་རྒྱུར་ལས་འགུལ་སྤེལ་གནང་མཁན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། སྐྱེ་བོ་བྱེ་བྲག་པ་བཅས་ལ་སྙིང་དབུས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཇི་སྲིད་ང་ཚོའི་བདེན་དོན་མ་འགྲུབ་བར་དུ་ཁྱེད་རྣམས་ཀྱིས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་སྐུལ་སྐྱབས་འཇུག་ཞུ་རྒྱུ་ཡིན། མཐའ་དོན་གཞིས་བྱེས་མཉམ་འཛོམས་ཀྱི་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བསྟན་འགྲོར་སྨན་པའི་རྣམ་དཀར་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་བཅས། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་༸པཎ་ཆེན་༸ཨེར་ཏེ་ནི་༸ཞབས་ཞུ་ལས་དོན་ལྟེ་གནས་ཁང་ནས།། སྤྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ ཉིན་ལ།། །།