༢༠༡༤ ཟླ་ ༤ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་ཧི་མཱ་ཅལ་མངའ་སྡེ་དབུ་བརྙེས་ནས་མི་ལོ་དྲུག་བཅུ་རེ་བདུན་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་ཀངྒ་ར་རྫོང་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་སའི་ཉེན་རྟོག་ཐང་ཆེན་དུ་ (Police Ground) སྐུ་མགྲོན་གཙོ་བོ་ཀངྒ་ར་རྫོང་དཔོན་སྐུ་ཞབས་སི་པལ་ར་སུ་མཆོག་ཆེད་ཕེབས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་རྫོང་དཔོན་མཆོག་གིས་རྒྱལ་དར་འགྲེངས་འཛུགས་གནང་བསྟུན། ཉེན་རྟོག་རུ་ཁག་དང་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་ཀྱི་ལམ་ནས་རྫོང་དཔོན་མཆོག་ལ་ཆེ་མཐོང་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་སློབ་གྲྭ་ཁག་མི་འདྲ་བ་བཞིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས།
དེ་ནས་མཛད་སྒོའི་སྐུ་མགྲོན་རྣམས་ཀྱིས་རྒྱན་ཤོག་ཐོབ་མཁན་དྲིལ་བསྒྲགས་གནང་ནས་གསོལ་རས་གནང་། མཛད་སྒོ་དངོས་གཞི་ཡོངས་སུ་ལེགས་གྲུབ་མཚམས་གསོལ་ཇ་ཞལ་ཏོག་ཕུལ། ཐེངས་འདིའི་མཛད་སྒོའི་སྐབས་གོ་སྒྲིག་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་གཉིས་མགྲོན་འབོད་ཞུས་ཡོད།
དེ་ཡང་ཧི་མཱ་ཅལ་ཞེས་ས་ཁུལ་འདིར་ཡོངས་གྲགས་ཀྱི་མིང་ནི་ཕྱི་ལོ་ ༡༩༤༨ ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ཐོག་མར་བྱུང་ཡོད།
དེ་རྗེས་ཕྱི་ལོ་ ༡༩༦༦ ཕྱི་ཟླ་ ༡༡ ཚེས་ ༡ ཉིན་པན་ཇབ་རི་བརྒྱུས་དང་ཉེ་འཁོར་རྒྱལ་ཕྲན་ ༣༡ རྣམས་ཧི་མཱ་ཅལ་ས་ཁུལ་ཁོངས་སུ་ཟླ་སྒྲིལ་བཏང་ཡོད། ཕྱིས་སུ་ཕྱི་ལོ་ ༡༩༧༡ ཕྱི་ཟླ་ ༡ ཚེས་ ༢༥ ཉིན་ཧི་མཱ་ཅལ་པར་དེ་ཤི་ཞེས་དེང་སྐབས་ཡོངས་གྲགས་ཀྱི་མངའ་སྡེ་གསར་དུ་དབུ་བརྙེས་པ་བཅས།