༢༠༡༤ ཟླ་ ༤ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ (JNU) ཞེས་པའི་ནེ་རུ་གཙུག་ལག་མཐོ་རིམ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་བཞི་བཅུ་ཙམ་ཞིག་ལས་གྲུབ་པའི་བོད་པའི་དང་བླང་ཞེས་པའི་ཚོགས་པས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༧ ཉིན་བོད་ཀྱི་ཉིན་མོ་ཞེས་པའི་འགྲེམས་སྟོན་དང་བགྲོ་གླེང་ཞིག་གོ་སྒྲིག་འོག་ཞུས་ཡོད།
དེ་ཉིན་སྔ་དྲོ་གཙུག་ལག་སློབ་གཉེར་ཁང་དེའི་ནང་བོད་ཀྱི་འདས་པའི་ལོ་རྒྱུས་སྤྱི་དང་ཡང་སྒོས་ཉེ་བའི་བོད་མིའི་ཆབ་སྲིད་ཀྱི་གནས་བབ། བོད་ནང་འབྱུང་བཞིན་པའི་རང་ལུས་མེར་སྲེག་སྐོར་གྱི་དཔར་རིགས་དང་། བོད་ཀྱི་རིག་གཞུང་སོགས་ཀྱི་འགྲེམས་སྟོན་ཞིག་བཤམས་སྟོན་གནང་འདུག
ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་གནང་བའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་གནད་དོན་དང་གདོང་ལེན་ཞེས་པའི་བརྗོད་གཞི་དང་འབྲེལ་གཙོ་བོ་རྒྱ་གར་གྱི་སློབ་ཕྲུག་ཚོར་དམིགས་ཏེ་བོད་མིའི་མི་འབོར་སྤྱི་དང་། ལྷག་པར་གཞིས་ཆགས་དང་དགོན་སྡེ་ཁག་གི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ནང་བོད་མིའི་གནད་དོན་ག་འདྲ་ཞིག་ཆགས་ཡོད་མེད་འགྲེལ་བརྗོད་གནང་ཡོད་པ་མ་ཟད། མང་གཙོའི་འཕེལ་རིམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་གཞིར་བཟུང་བོད་མི་མང་སྤྱི་འཐུས་རྣམ་པ་མི་མང་ནས་འོས་འདེམས་བྱེད་བཞིན་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་སྐོར། ཕྱོགས་མཚུངས་མི་མང་ནས་སྲིད་སྐྱོང་ཐད་ཀར་འོས་འདེམས་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག