༢༠༡༤ ཟླ་ ༤ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་འཚོགས་བཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་འབད་བརྩོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཉིན་གཉིས་པའི་དབུ་འབྱེད་ཐོག་གསུང་བཤད་གནང་དོན། དེ་རིང་འདིར་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་ཚོགས་འདུ་འདིའི་ཐོག་ཕེབས་པའི་རྣམ་པ་ལྷན་རྒྱས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་ཚོགས་འདུ་འདི་བཞིན་གོ་སྒྲིག་གནང་དགོས་དོན་གྱི་ཐོག་མའི་དམིགས་ཡུལ་ལ་བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་རྒྱབ་ཤིག་བྱས་ནས་གཟིགས་ན་གྲུབ་འབྲས་གང་ཙམ་ཐོན་ཡོད་པ་དེའི་ཐོག་བསྐྱར་ཞིབ་བྱས་ཏེ་འདི་ནས་སློབ་གསོ་ལེན་རྒྱུ་གང་ཡོད་མེད་དང་། སློབ་གསོ་ལེན་པའི་ཐོག་ནས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འབད་བརྩོན་གནང་རྒྱུར་ཏན་ཏན་ཐུགས་ཕན་གསོ་བ་ཡོང་གི་རེད་སྙམ་གྱི་འདུག ང་ཚོས་རྒྱབ་ཤིག་བརྒྱབ་སྟེ་ལྟ་སྐབས་ཕྱི་ལོ་ ༡༩༨༧ ནས་ ༡༩༩༣ བར་ལོ་ཡུལ་དེའི་སྐབས་བོད་མིའི་སྒྲིག་འཛུགས་དང་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱག་ལས་ཧ་ཅང་མང་པོ་ཞིག་གནང་ཡོད། སྐབས་དེར་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོན་ཡོད་པ་རེད་ཅེས་ཞུ་ཆོག་པ་རེད། གང་ལ་ཞེ་ན། གཞི་རྩའི་རྒྱལ་སྤྱི་སྤྱི་ཡོངས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་རྩ་དོན་རྩོད་མཁན་མང་པོ་ཞིག་བྱུང་ཡོད་པའི་ནང་ནས་བོད་དོན་དེ་འབུར་དུ་ཐོན་ཐུབ་པ་བྱུང་ཡོད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཤོས་ཐོབ་མཁན་ཁོངས་སུ་ཡོད་པ་རྩོད་མེད་རེད། དེ་བཞིན་རྒྱ་ནག་ནང་ལའང་ཤིན་ཅང་དང་ཡུ་གུར། ནང་སོག ཆོས་འཁོར་སྒོམ་སྒྲུབ་མང་གཙོ་རྩོད་མཁན་སོགས་མང་པོ་ཡོད་ནའང་། ཕལ་ཆེར་བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གོ་རྟོགས་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་མཁན་ཁོངས་སུ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད།
འདི་ནི་ཕྱི་ལོ་ ༡༩༨༧ ནས་ ༡༩༩༥ ཙམ་བར་ཕྱག་ལས་གནང་མཁན་སྲི་ཞུའི་ལས་བྱེད་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། རྒྱ་རིགས་མང་གཙོ་རྩོད་མཁན་དང་། ཡུ་གུར་བ། ཆོས་འཁོར་སྒོམ་སྒྲུབ་སོག་པོ་སོགས་རྡ་ས་དང་ཕྱི་རྒྱལ་ཁག་གང་དུ་ཐུག་ཀྱང་། ཁོང་ཚོས་ཁྱེད་རང་ཚོ་བོད་དོན་ལ་ང་ཚོ་ལས་ལྷག། རྒྱབ་སྐྱོར་ཡོང་དགོས་དོན་གང་ཡིན་ནམ་ཞེས་དྲིས་ཀྱི་འདུག ཁོང་ཚོས་ང་ཚོར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་སྐྱོད་མཁན་སྒྲིག་འཛུགས་ཤིག་དང་སྲི་ཞུའི་ལས་བྱེད་ཚགས་ཚུད་ཡོད་པ་ངོས་འཛིན་བྱེད་བཞིན་འདུག དེ་བཞིན་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་ཁག་ཐུག་འཕྲད་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་དོན་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་དེ་ཙམ་གནང་ཐུབ་ཀྱི་མེད་ནའང་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་ཐུབ་བམ་ཞེས་བརྗོད་སྐབས། ཁོང་ཚོས་ཁོང་རྣམས་རྡ་སར་ཡོང་དགོས་དོན་ནི་རྒྱ་གར་ནང་སྐྱབས་བཅོལ་བ་ཡོད་པའི་ནང་ནས་ཚགས་ཚུད་ཤོས་དེ་རྡ་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་འདི་རེད་འདུག དེར་བརྟེན་ཁོང་ཚོ་འདིར་ཡོང་སྟེ་སྒྲིག་འཛུགས་ཀྱི་གནས་སྟངས་རྟོག་ཞིབ་ཀྱིས་རྒྱ་གར་ལ་ཡོད་པའི་སྐྱབས་བཅོལ་བ་ཚོར་ཕན་གྱི་རེད་བསམས་ཏེ་རྡ་སར་ཞིབ་འཇུག་ཆེད་ཡོང་གི་ཡོད། ཅེས་གསུངས་ཀྱི་འདུག
རྒྱ་ཆེ་ས་ནས་གཟིགས་ན་རྒྱལ་སྤྱིའི་ཆབ་སྲིད་ཐོག་བོད་དོན་འགྲེལ་བརྗོད་བྱེད་སྟངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཔེར་ན། བོད་ནང་སོ་སོའི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་སྐབས་རྒྱ་ནག་གཞུང་ནས་དངུལ་ས་ཡ་མང་པོ་བཏང་སྟེ་༸གོང་ས་མཆོག་གིས་དབུས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱས་པ་ལས་བྱུང་བ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་ཡོད། རྒྱ་གཞུང་ནས་བོད་བཙན་འཛུལ་བྱས་ནས་བཟུང་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་། སྤྱི་ཚོགས་དང་དཔལ་འབྱོར་དབྱེ་འབྱེད། རིག་གཞུང་རྩ་མེད་སོགས་བྱས་པར་བརྟེན་བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་ཡོད། ཅེས་ང་ཆོས་འགྲེལ་བཤད་རྒྱག་གི་ཡོད། རང་ལུས་མེར་སྲེག་གི་ཐོག་རྒྱ་ནག་དང་བོད་པའི་ངོས་ནས་འགྲེལ་བཤད་འདི་གཉིས་རྒྱག་གི་ཡོད། འོན་ཀྱང་ཉེ་ཆར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་པའི་འགྲེལ་བཤད་དེར་ངོས་འཛིན་ཆ་འཇོག་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད།
དཔེར་ན། ཨ་རི་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོའི་ནང་བོད་ནང་རང་ལུས་མེར་སྲེག་གཏོང་དགོས་དོན་ནི་ཆབ་སྲིད་ཀྱི་དམ་བསྒྲགས་དང་ཆོས་དད་རང་དབང་། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་གི་ཡོད་པར་བརྟེན་ནས་ཡིན་ཚུལ་བཀོད་ཡོད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྙན་ཐོའི་ནང་ལའང་འདི་ལྟ་བུ་བཀོད་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་ཆེ་བས་ཀྱང་འདི་ལྟར་འགྲེལ་བརྗོད་བྱེད་བཞིན་ཡོད། དེར་བརྟེན་རང་ལུས་མེར་སྲེག་གི་ཐོག་འགྲེལ་བཤད་གཉིས་ཡོད་པའི་ནང་ནས་ང་ཚོས་འགྲེལ་བཤད་བརྒྱབ་པ་དེར་རྒྱལ་སྤྱི་སྤྱི་ཡོངས་ཀྱིས་ཆ་འཇོག་བྱེད་བཞིན་ཡོད། འདི་དག་ཚང་མ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན་པ་བརྗོད་མི་དགོས་པ་རེད། ༸གོང་ས་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ནས་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཕྱིའི་རྒྱལ་ཁབ་ཉི་ཧོང་དང་ཐའི་ལེན་ཌིར་ཆིབས་སྒྱུར་བསྐྱངས་ཡོད། དེ་ནས་ཕྱི་ལོ་ ༡༩༧༣ ལོའི་ཟླ་ ༩ ནས་ ༡༡ བར་ཟླ་བ་གསུམ་རིང་ཡུ་རོབ་རྒྱལ་ཁབ་ཁག་མང་པོ་ཞིག་གི་ནང་ཆིབས་སྒྱུར་བསྐྱངས་ཏེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་སྐོར་བཀའ་སློབ་སྩལ་ཡོད། ཕྱི་ལོ་ ༡༩༥༩ ནས་ ༡༩༦༤ བར་ཨ་རིའི་དུས་དེབ་ (Times Magazine) ལ་སོགས་པའི་ནང་བོད་དོན་ཁྱབ་བསྒྲགས་གང་ཙམ་ཕྱིན་ཡོད། ཕྱི་ལོ་ ༡༩༥༩།༡༩༦༡།༡༩༦༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་དོན་ཐོག་གྲོས་ཆོད་གསུམ་བཞག་ཐུབ་པ་བྱུང་ཡོད། དེའི་བར་དུ་རྒྱལ་སྤྱིའི་ཐོག་ནས་བོད་དོན་སྐོར་གླེང་སློང་བྱུང་ཡོད།
དེའི་རྗེས་ ༡༩༦༥ ནས་ ༡༩༨༧ བར་དུ་རྒྱལ་སྤྱིའི་ཐོག་ནས་བོད་དོན་སྐོར་ཆབ་སྲིད་དང་འབྲེལ་བའི་གླེང་སློང་ཤུགས་ཆེན་པོ་ཧ་ལམ་བྱུང་མེད། ཕྱི་ལོ་ ༡༩༨༧ ལོར་ལྷ་སར་སྒེར་ལངས་བྱུང་བ་དེར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཁྱབ་བསྒྲགས་གང་ཙམ་བྱུང་ཡོད། དེ་བཞིན་ཕྱི་ལོ་ ༡༩༨༨ དང་ ༡༩༨༩ ལོར་ངོ་རྒོལ་བྱས་ཡོད། ཕྱི་ལོ་ ༡༩༨༧ ནས་ ༡༩༨༩ བར་བོད་ནང་ངོ་རྒོལ་ཤུགས་ཆེ་བྱུང་ཡོད། སྐབས་དེར་སྲི་ཞུ་བས་ཕྱག་ལས་ཡག་པོ་གནང་བ་དང་། གྲ་སྒྲིག་ཀྱང་ཡག་པོ་ཡོད་པར་བརྟེན། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཝ་ཤིང་ཊོན་དུ་ཚོགས་པའི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག་བོད་ཀྱི་ཆེད་དུ་དོན་ཚན་ལྔ་ལྡན་གྱི་ཞི་བདེའི་གྲོས་འཆར་དང་།
དེ་བཞིན་ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༦ ནང་ཡུ་རོབ་ཀྱི་གྲོས་ཚོགས་ནང་སི་ཊས་སི་བྷག་གི་གྲོས་འཆར་བཅས་རྒྱལ་སྤྱིའི་ཐོག་གྲོས་འཆར་འདི་གཉིས་བཏོན་ཐུབ་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་སྟོན་ཐུབ་པ་བྱུང་ཡོད་སྟབས་རྒྱལ་སྤྱིའི་ཐོག་ནས་བོད་པ་ཚོ་དྲང་བདེན་དང་རྒྱུ་མཚན་ལྡན་པ་རེད་འདུག་ཅེས་རྒྱབ་སྐྱོར་དང་དོ་སྣང་སྔར་ལྷག་བྱས་ཡོད། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ (Tiananmen Square) སློབ་ཕྲུག་གཙོ་བོར་གྱུར་བའི་མང་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱས་པ་དེར་རྒྱལ་སྤྱིའི་ཐོག་དམིགས་བསལ་དོ་སྣང་བསླེབས་ཡོད་པར་བརྟེན། རྒྱ་ནག་གི་གནད་དོན་དེ་རྒྱལ་སྤྱིའི་ཐོག་ཆེ་རུ་འགྲོ་བའི་སྐབས་སུ་བོད་ཀྱི་གནད་དོན་ཡང་ཆེ་རུ་ཕྱིན་ཡོད། ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེའི་བོད་དོན་བརྗོད་པའི་སྐབས་སུ་ཞི་བདེ་དང་དྲང་བདེན་གྱི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པའི་འགྲེལ་བཤད་གསལ་པོ་ཆགས་ཡོད། ན་ནིང་ང་ (Nobel Peace Institute,Oslo) བཅར་བའི་སྐབས་སུ་སྒྲིག་འཛུགས་དེའི་དྲུང་ཆེ་ འཕོ་ལ་ཉེ་བའི་སྐབས་རེད། ཁོ་རང་དྲུང་ཆེ་བྱས་ནས་ལོ་ཉི་ཤུ་རྩ་ལྔ་འཁོར་གྱི་ཡོད། ༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་སྐབས་ཁོ་རང་དེར་ཡོད། ནོ་བེལ་ཞི་བདེའི་གཟེངས་རྟགས་སུ་ལ་ཕུལ་བ་ཡིན་ན། ལོ་གཅིག་རིང་མཚན་སྙན་གྲགས་ཆེན་པོ་ཆགས་ཀྱི་རེད། ལོ་རྗེས་མར་མི་གཞན་ཞིག་ལ་འབུལ་བའི་སྐབས་སུ་དེའི་སྔོན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དེའི་མཚན་སྙན་གྲགས་དེ་རང་བཞིན་ཆུང་དུ་འགྲོ་གི་འདུག་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞན་དང་མི་འདྲ་བ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་རྗེས་སུ་སྔར་ལྷག་མཚན་སྙན་གྲགས་དང་མཛད་འཕྲིན་རྒྱས་ཡོད།
འཛམ་གླིང་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོངས་མཚན་སྙན་ཆེ་རུ་འགྲོ་མཁན་༸གོང་ས་མཆོག་གིས་དབུས་རེ་གཉིས་ཙམ་ཡོད་པ་མ་གཏོགས་ཕལ་ཆེར་མེད་བརྗོད་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང། དེ་ནས་ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༼བོད་རྒྱ་འབྲེལ་མོལ་དང་། ཡུ་རོབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་༽ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་༼བོད་དང་ཨ་ཕི་རི་ཀ་༽ཞེས་པའི་བརྗོད་གཞི་སྐོར་དང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་༼བོད་དང་བྱང་ཨ་རི་༽ཞེས་པའི་བརྗོད་གཞི་སྐོར། ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ཀྱིས་༼བོད་དང་ལྷོ་ཨ་རི་༽ཞེས་པའི་བརྗོད་གཞི་སྐོར། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༼བོད་དང་ཐེ་ཝན༽་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་བཅས།།