༢༠༡༤ ཟླ་ ༤ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེའི་ལམ་སྟོན་འོག་མངའ་སྡེའི་ཤིང་ནགས་ལས་ཁུངས་ Forests དང་ཁྲལ་བསྡུ་ལས་ཁུངས། Revenue སོ་ནམ་ལས་ཁུངས། Agriculture ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ Tourism བཅས་ཀྱི་དྲུང་ཆེ་རྣམས་སྐོང་སྟེ་ཚོགས་འདུ་ཚོགས་ཡོད། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཀའོ་ཤིག་མུ་ཁར་ཇི་ Mr. Kaushik Mukherjee མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཚོགས་གཞོན་གནང་ཡོད། དེ་བཞིན་ལྷོ་སྤྱི་ཀརྨ་སེང་གེ་ལགས་དང་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམས་ཚོགས་འདུར་ཕེབས་ཡོད།
ལྷན་ཚོགས་སྐབས་སྤྱིར་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ས་ཞིང་བོགས་གཏོང་དང་འབྲེལ་བའི་ཡིག་ཆ་བཟོ་རྒྱུ་ཙམ་མ་ཟད། ཀོ་ལེ་གྷལ་དོན་ལྡན་གླིང་དང་མོན་གྷོ་འདོད་རྒུ་གླིང་། ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་བཅས་ཀྱི་ས་ཞིང་ཐོག་གོ་བསྡུར་གནང་ཡོད། དེ་བཞིན་བོད་མིའི་ས་ཁུལ་དེ་དག་ནང་ཆུ་གློག་དང་འགྲོ་ལམ། མཐུན་རྐྱེན་གཞན་ཁག་གཅིག་སྐོར་གོ་བསྡུར་གནང་ཡོད། ཕྱོགས་མཚུངས་སྐྱབས་བཅོལ་བོད་མིའི་གནས་སྡོད་ཁག་གི་དགོན་སྡེ་གྲྭ་ཚང་ནང་གི་གྲྭ་བཙུན་རྣམས་ལ་ཟ་འབྲུའི་ཐོབ་ཐང་དང་། རྒས་གསོ་ཁང་ནང་ཡོད་པའི་བོད་མི་རྒན་འཁོགས་རྣམས་ལ་འཚོ་སྣོན་གྱི་ཐོབ་ཐང་གནང་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་ཡོད། ལྷག་པར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་བརྒྱུད་ནས་ཨེམ་ཌི་སི་སི་དངུལ་ཁང་ MDCC bank ནས་བོད་མི་ཞིང་པ་རྣམས་ལ་སོ་ནམ་འདེབས་ལས་ཆེད་དངུལ་བུན་གཡར་རྒྱུ་དང་འབྲེལ་བའི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད།
སྐབས་དེར་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ཚོགས་འདུའི་ཐོག་གོ་བསྡུར་བྱུང་བའི་གནད་དོན་ཁག་ལ་རྒྱབ་སྐྱོར་དང་། གནད་དོན་དེ་དག་གི་ཐོག་ཁོང་གིས་གང་ཐུབ་མཐུན་འགྱུར་སྐྲུན་ཐབས་གནང་རྒྱུར་འབད་བརྩོན་ཞུ་རྒྱུའི་ཁས་ལན་གནང་འདུག་པ་མ་ཟད། ཀར་ན་ཊ་ཀ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་དྲུང་ཆེས་ཀར་ན་ཊ་ཀ་མངའ་སྡེའི་བོད་མིའི་གཞིས་ཆགས་ཁག་གི་ནང་ཡུལ་སྐོར་སྤྲོ་འཆམ་གོང་འཕེལ་གཏོང་རྒྱུར་འདོད་བློ་ཡོད་ལུགས་ཀྱང་གསུངས་འདུག ཕྱོགས་མཚུངས་ཁོང་རྣམས་ཀྱིས་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་སྦེང་ལོར་དུ་བོད་ཀྱི་དུས་སྟོན་གོ་སྒྲིག་གནང་རྒྱུར་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུངས་འདུག
སྤྱིར་བཏང་ཐེངས་འདིའི་ཚོགས་འདུ་འདི་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༦ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྐྱབས་བཅོལ་རོགས་རམ་ཚན་པར་ FFR Division བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་འབོད་སྐུལ་ལྟར། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡའི་ཚན་པའི་ East Asia Division ལས་བྱེད་དང་། མ་ཧཱ་རཱཤཏྲ། ཧི་མཱ་ཅལ། ཀར་ན་ཊ་ཀ། ཨོ་ཌི་ཤ། ནུབ་བྷེང་གྷལ། ཨ་རུ་ནཱ་ཅལ། ཇ་མུ་ཀ་ཤི་མིར། ཨུཏྟར་པྲ་དེ་ཤི། ཨུཏྟར་ཁཎྜ། མདྱཱ་པྲ་དེཤི། ཆ་ཏྟི་སི་གྷར། སི་ཀིམ་བཅས་འབྲེལ་ཡོད་མངའ་སྡེ་གཞུང་གི་སྡེ་ཚན་ཁག་གི་ལས་བྱེད།
རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྐྱབས་བཅོལ་རོགས་རམ་ཚན་པའི་ལས་བྱེད། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ནང་སྲིད་དྲུང་ཆེ་དང་དྲུང་འཕར། ལྡི་ལི་དོན་ཁང་གི་དྲུང་ཆེ། སྦེང་ལོར་ལྷོ་སྤྱི། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ། སིམ་ལ། ཨོ་ཌི་ཤ། བྷན་དྷ་ར། རྡ་རམ་ས་ལ་བཅས་ཀྱི་ས་གནས་འགོ་འཛིན་རྣམས་ཚོགས་འདུ་ཚོགས་ཏེ། སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་གི་ནང་གཞིས་ཆགས་ཀྱི་ས་ཞིང་དང་འབྲེལ་བའི་གནད་དོན་དང་། མི་མང་གི་འཐུང་ཆུ། འགྲོ་ལམ། གློག་སོགས་གཞིས་ཆགས་ཡར་རྒྱས་དང་འབྲེལ་བའི་གནད་དོན་ཐོག་མཐུན་རྐྱེན་དང་། ལྷག་པར་ཀར་ན་ཊ་ཀ། ཨོ་ཌི་ཤ། ཧི་མཱ་ཅལ། བྷན་དྷ་ར་བཅས་ཀྱི་གཞིས་ཆགས་ཁག་གི་ས་ཞིང་དང་འབྲེལ་བའི་ཡིག་ཆ། དེ་བཞིན་གཞིས་ཆགས་གསར་འཛུགས་སྐོར་སོགས་ཀྱི་གནད་དོན་ཐོག་གོ་བསྡུར་གཙོ་བོ་གནང་བའི་མཇུག་སྐྱོང་གི་ཚགས་འདུ་ཞིག་ཡིན་འདུག