༢༠༡༤ ཟླ་ ༤ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་རྒྱལ་སྤྱིའི་ནཱ་རི་ཊ་(Narita)གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་གཙོས་དོན་ཁང་གི་ལས་བྱེད་རྣམ་པ་དང་། ཤིན་ཊོ་(Shinto)ཆོས་ཚོགས་ཀྱི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་ནང་གི་ཚོགས་པ་གསུམ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་༢༠༡༡ ལོར་ས་ཡོམ་དང་། ཚུ་ནཱ་མི་ (Tsunami) ཞེས་པའི་རྒྱ་མཚོའི་རྦ་རླབས་ཀྱིས་འབྱུང་བའི་གོད་ཆག དེ་བཞིན་རྡུལ་ཕྲན་ཀྱིས་རྐྱེན་པས་ཉི་ཧོང་ནང་མི་ཤི་སྐྱོན་ཆགས་ཤུགས་ཆེ་བྱུང་སྟེ་མི་མང་མང་པོ་ཞིག་ལ་ད་དུང་ཡང་སེམས་ནང་དཀའ་ངལ་ཆེན་པོ་ཡོད་བཞིན་པ་དེ་དག་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་སྐོར་ལ་མཛད་འཕྲིན་བསྐྱང་གཏན་འཁེལ་ཡོད་པ་མ་ཟད། ཕྱི་ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་(Tokyo) ཚོགས་ཁང་ཞིག་ནང་ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཚེ་སྐྱེལ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་༩ ཉིན་ཉི་ཧོང་གི་སི་ཕུ་གྷ་ཀེན (Seifu Gaken) ཞེས་པའི་བུའི་གཞི་རིམ་སློབ་གྲྭ་ཞིག་ནང་ཆིབས་སྒྱུར་བསྐྱང་སྟེ་སློབ་ཕྲུག་ཚོར་མང་ཚོགས་ནས་གཞོན་སྐྱེས་ཚོར་རེ་བ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༡ ནས་ ༡༢ བར་ཉིན་གྲངས་གཉིས་རིང་ཉི་ཧོང་གི་ཁྱོ་ཏོ་གྲོང་ཁྱེར་ནང་ཡོད་པའི་ཁྱོ་ཏོ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་དང་སེམས་དང་སྲོག་གི་བསྟི་གནས་ཁང་ཐུན་མོང་གི་གོ་སྒྲིག་ཞུས་པའི་སེམས་ཀྱི་བཀོད་པ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་རྒྱུ་ཡིན་འདུག མདོར་ན། མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་ནང་ཉིན་གྲངས་ ༡༢ རིང་མཛད་འཕྲིན་བསྐྱང་གཏན་འཁེལ་འདུག་པ་བཅས། །