༢༠༡༤ ཟླ་ ༣ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་(Australia Tibet Council)ཞེས་བོད་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག
དེ་ཡང་འདས་པའི་ལོ་འགའ་ཤས་གོང་ནས་བཟུང་ལོ་ལྟར་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ཁག་གཅིག་གིས་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་ལས་འགུལ་སྤེལ་དང་སྤེལ་མུས་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་སླར་ཡང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ལྔ་ཙམ་ནས་ཕེབས་པའི་བོད་མི་ཁག་གཅིག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག
ལས་འགུལ་དེའི་སྐོར་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ལས་བྱེད་ཞིག་གིས་གསུང་དོན། བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དགོས་དོན་ནི། ཨོ་སི་ཊོ་ལི་ཡའི་ནང་སྔ་ལོ་རྒྱལ་ཡོངས་འོས་བསྡུ་བྱས་ཏེ་གཞུང་གསར་པ་བསླེབས་པར་བརྟེན། གྲོས་ཚོགས་ནང་འཐུས་མི་གསར་པ་ཡང་མང་དག་ཅིག་བསླེབས་ཡོད་སྟབས། ཁོང་རྣམ་པར་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་ཞུ་རྒྱུས་མཚོན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོའི་ས་རྟགས་བསྡུ་རུབ་ཐོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་གསར་པ་མཆོག་ལ་འབུལ་རྒྱུ་ཡིན་སྐོར་གྱི་ངོ་སྤྲོད་གནང་འདུག་པ་བཅས། །