༢༠༡༤ ཟླ་ ༣ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །སྔ་ལོའི་ཕྱི་ ཟླ་ ༡༢ ཚེས་ ༥ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་ཀྱི་དམིགས་བསལ་ཚོགས་ཆུང་ Senate’s Extraordinary Commission for the Protection and Promotion of Human Rights ནང་བོད་དོན་ཉན་ཞིབ་སྐབས་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག གོམས་སྲོལ་སོགས་རྩ་མེད་བཟོ་བཞིན་པ་མ་ཟད། བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ། བོད་མི་ཉེས་མེད་བཙོན་འཇུག་བྱས་པ། སྡུག་སྦྱོང་མནར་གཅོད་བཏང་བ། ཁྲིམས་འགལ་གྱི་སྲོག་ཁྲིམས་བཅད་པ་སོགས་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་ཡོད་པ་སོགས་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གནང་བ་མ་ཟད། ཨི་ཊ་ལིའི་གྲོས་ཚོགས་གོང་མས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་འོག་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་རྒྱུའི་རེ་འདུན་འདོན་དགོས་པའི་འབོད་སྐུལ་ཞུས་པ་སོགས་ལ་བརྟེན།
བདུན་ཕྲག་སྔོན་མར་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་བོད་ནང་དུ་བོད་མི་ཚོར་དམ་བསྒྲགས་འཕྲལ་མར་མཚམས་འཇོག་བྱས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བརྒྱུད་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པའི་གྲོས་ཆོད་བཞག་འདུག གཞན་ཡང་གྲོས་ཆོད་དེའི་ནང་ཡུ་རོབ་དང་རྒྱ་ནག་དབར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཆེད་གྲོས་མོལ་གནང་ཡོད་ཀྱང་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་བྱུང་མེད་སྟབས། རྒྱ་ནག་གཞུང་གིས་ཡུ་རོབ་སྤྱི་མཐུན་ཚོགས་པར་ཁས་ལེན་བྱས་པ་ལྟར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་སྔར་ལས་ཆེ་བ་གནང་དགོས་པའི་རེ་འདུན་བཏོན་པ་མ་ཟད། རྒྱ་ནག་འགོ་ཁྲིད་ཚོས་བོད་མིའི་སྐད་ཡིག་རང་དབང་དང་རིག་གཞུང་སྲུང་སྐྱོབ་ལ་བརྩི་བཀུར་ཞུས་ཏེ་བོད་རིགས་སློབ་གྲྭའི་ནང་བོད་སྐད་བརྒྱུད་ལམ་བྱེད་འཇུག་དགོས་པའི་རེ་འདུན་བཏོན་པ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ནང་དུ་གསར་འགོད་པ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལས་བྱེད་པ། ལྷག་པར་ཕྱི་རྒྱལ་མི་སྣ་ཁག་བཅས་ལ་འགོག་རྐྱེན་གང་ཡང་མེད་པར་གཏོང་དགོས་པའི་རེ་འདུན་འདོན་རོགས། ཞེས་ཡུ་རོབ་གྲོས་ཚོགས་ལ་འབོད་སྐུལ་ཞུས་ཡོད། གཞན་ཡང་ཨི་ཊ་ལིའི་གྲོས་ཚོགས་གོང་མས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་ལ་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་གནང་དགོས་པ་དང་། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་ཁག་གི་རེ་འདུན་ལྟར་བོད་ནང་དུ་རྟོག་ཞིབ་ཚོགས་པ་གཏོང་རྒྱུར་མཐུན་འགྱུར་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད།