༢༠༡༤ ཟླ་ ༣ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་གི་བཟའ་ཟླ་མེ་ཤལ་ཨོ་བྷ་མ་བདུན་ཕྲག་གཅིག་རིང་རྒྱ་ནག་ཏུ་འཚམས་གཟིགས་དང་འབྲེལ་ལྕམ་སྐུ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ཉིན་པེ་ཅིང་སློབ་གྲྭ་ཆེན་མོ་སེ་ཊན་ཕོཌ་བསྟི་གནས་ཁང་དུ་སློབ་ཕྲུག་ཚོར་ཆོས་ལུགས་དང་གནས་ཚུལ་རང་དབང་ཐོག་ནས་བེད་སྤྱོད་བྱེད་དགོས་སྐོར་གསལ་སྟོན་གནང་ཡོད་པ་མ་ཟད། ཁོང་གིས་སློབ་ཕྲུག་ཚོས་རྒྱལ་སྤྱི་དཔལ་འབྱོར་ཅན་གྱི་གནས་བབ་དང་བསྟུན་ནས་རྒྱལ་ཁབ་མི་འདྲ་བའི་ནང་སྐད་ཡིག་དང་རིག་གཞུང་མི་འདྲ་བ་ཡོད་པ་རྣམས་ཉམས་མྱོང་བརྗེ་ལེན་བྱེད་དགོས་པའི་སྐུལ་མ་གནང་བ་དང་འབྲེལ་ཁྱེད་རང་ཚོ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་དེ་མ་འོངས་པའི་མདུན་ལམ་ལ་འགྱུར་བ་གཏོང་རྒྱུ་གཅིག་པུའི་ཆེད་དུ་མིན། དེས་ང་ཚོ་ཚང་མས་དོ་ཁུར་བྱེད་བཞིན་པའི་མ་འོངས་པའི་འཛམ་གླིང་ཡག་པོ་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོང་སླད་རེད། ལྷག་པར་གསར་འགྱུར་ནི་རང་དབང་ཐོག་ནས་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། དེས་ང་ཚོར་དངོས་ཡོད་གནས་ཚུལ་གང་ཡིན་པ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་མ་ཟད། རང་ཉིད་སྡོད་ཡུལ་གྱི་ས་གནས་དང་རྒྱལ་ཁབ། ཐ་ན། འཛམ་གླིང་ནང་འབྱུང་བཞིན་པའི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་ཀྱི་རེད། ངའི་བཟའ་ཟླས་དུས་རྒྱུན་ནས་ང་ཚོས་རིག་གཞུང་དང་སྤྱི་ཚོགས་གཞན་གྱི་ཁྱད་ཆོས་ལ་གུས་ཞབས་བྱེད་དགོས་སྐོར་གསུང་གི་ཡོད། ལྷག་པར་རང་དབང་ཐོག་ནས་རང་ཉིད་ཀྱི་ལྟ་སྤྱོད་གང་ཡིན་པ་དེ་འདོན་རྒྱུ་དང་རང་དབང་ཐོག་ནས་རང་ཉིད་ཀྱི་འདོད་མོས་གང་ཞིག་ཡིན་རུང་འདེམས་ཆོག་པ། དེ་བཞིན་གནས་ཚུལ་ཕྱིར་འདོན་བྱ་རྒྱུའི་རང་དབང་ལོངས་སུ་སྤྱོད་རྒྱུ་ནི་གོ་ལ་འདིའི་ཐོག་གནས་པའི་འགྲོ་བ་མི་ཚང་མའི་ཐོབ་ཐང་རེད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག
དེ་བཞིན་འཚམས་གཟིགས་མཇུལ་བསྒྲིལ་ལ་ཉེ་མཚམས་ཁོང་གིས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་ཟས་ཟ་ཁང་ (Zangxiang Teahouse) ཞེས་པར་ཕེབས་ཏེ་ཉིན་གུང་གི་ཞལ་ལག་མཆོད་ཡོད་འདུག