༢༠༡༤ ཟླ་ ༣ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་སླད་བོད་མདོ་ཁམས་ཚ་བའི་མི་དམངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་སྨིན་སྩལ་ཐོབ་སྟེ། བོད་རྒྱལ་ལོ་ ༢༡༤༡ བོད་ཟླ་ ༡ ཚེས་ ༡༥ ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་བཞུགས་སྒར་ཕོ་བྲང་ནས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ཚ་བ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་འགན་ཁུར་སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་པ་ལགས་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་གསོ་སྦྱོང་ལ་ཆིབས་སྒྱུར་གྱིས་དབུ་བཞུགས་མཛད་གྲུབ་མཚམས་ཆུ་ཚོད་ ༨ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་མཆོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ། དྲུང་ཆེ་ཆུང་གིས་དབུས་སྲི་ཞུའི་ལས་བྱེད་རྣམ་པ།
དེ་བཞིན་རྡ་ས་ཁུལ་གྱི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་འདུ་འཛོམས་བྱུང་བའི་དབུས་སུ་མགོན་པོ་གང་ཉིད་མཆོག་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གསུང་ཆོས་རྭ་བར་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཞལ་འདོན་གསུང་བསྐུལ་དང་འབྲེལ་ཆོས་རིག་བཀའ་བློན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་མི་དམངས་ལ་བཀའ་སློབ་ཕེབས་དོན། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་དུས་ཆེན་འཁེལ་ཡོད། དུས་ཆེན་འདི་བཞིན་འདས་པའི་ལོ་བརྒྱ་ཕྲག་དྲུག་ཙམ་རིང་ལ་སྨོན་ལམ་ཆེན་མོ་འདི་ལྟར་ཆགས་ཚོགས་ཡོད། བར་སྐབས་ཉམས་ཆག་ཏུ་ཕྱིན་ཡོད།
འོན་ཀྱང་ང་ཚོ་བཙན་བྱོལ་དུ་རྡ་སར་སླེབས་རྗེས་སྨོན་ལམ་ཆེན་མོ་འཚོགས་རྒྱུ་བསྐྱར་གསོ་བྱས་ཡོད། བོད་ཚེས་བཅོ་ལྔའི་ཉིན་མོར་འཆར་ཅན་འཚོགས་རྒྱུའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཡུན་རིང་སྟོན་པའི་བཀའ་དྲིན་རྗེས་དྲན་ཆེད་སྐྱེས་རབས་གསུང་རྒྱུའི་ཕྱག་སྲོལ་ཞིག་ཡོད་པ་ལྟར། སྐྱེས་རབས་སྙིང་བསྡུས་ཤིག་ཞུ་རྒྱུ་ཡིན།
དེ་རིང་འདི་གར་ཕེབས་པའི་རྟ་ཚག་རིན་པོ་ཆེ་ལོ་རྒྱུས་ནང་བླ་ཆེན་གལ་ཆེ་བ་ཞིག་ཆགས་ཡོད། ཕལ་ཆེར་ཀུན་བདེ་གླིང་རྟ་ཚག་བསྟན་པའི་མགོན་པོ་ཡིན་པ་ཡོད། ཆབ་སྲིད་ཀྱི་འགན་བཞེས་ཏེ་ཧ་ཅང་བྱས་པ་ཅན་ཞིག་རེད། གང་ལྟར་ལོ་རྒྱུས་ནང་མཛད་རྗེས་ཡོད་མཁན་གྱི་བླ་ཆེན་ཞིག་ཆགས། དེ་རིང་ཚ་བ་གཞིས་བྱེས་ཐུན་མོང་ཐོག་ནས་བརྟན་བཞུགས་འབུལ་ཆེད་ཚ་བའི་ལུང་པ་ཁག་ཁ་ཤས་ནས་འདིར་འཛོམས་ཡོད། ལྷག་པར་ལུས་པོ་འདིར་འཛོམས་མེད་ནའང་ལྷག་བསམ་དང་། དད་འདུན་རྩེ་གཅིག་ཏུ་གནས་པའི་གཞིས་ལུས་རྒྱ་ཆེའི་མི་མང་གིས་འདིར་བློ་གཏད་ནས་བསྡད་ཡོད། བརྟན་བཞུགས་ཕུལ་བའི་ནུས་པ་འཐོན་རྒྱུར་ང་རང་ཚོ་ཚང་མས་བསོད་ནམས་གསོག་དགོས། གང་ལྟར་བླ་སློབ་གཉིས་ནས་བསོད་ནམས་བསག་པ་ཡིན་ན། བསོད་ནམས་ལྡན་པའི་མི་ཡིས་བསམ་པའི་དོན་རྣམས་འགྲུབ་ཅེས་གསུངས་པ་ལྟར། བསོད་ནམས་ལྡན་པའི་མི་ཡིས་བསམ་དོན་འགྲུབ་ཀྱི་རེད་ལ། ཕྱི་ནང་གི་བར་ཆད་ཀྱིས་མི་གནོད་པ་ཞིག་ཡོང་གི་རེད། དེར་བརྟེན་བསོད་ནམས་གསོག་རྒྱུའི་ཐབས་ལམ་ཡག་ཤོས་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། དེ་ནས་ཞལ་འདོན་གསུང་སྐུལ་དང་འབྲེལ་བརྟན་བཞུགས་དངོས་གཞི་དབུ་འཛུགས་ཐོག་འབུལ་དངོས་རྣམས་རིམ་བཞིན་སྤྱན་བསྟར་ཞུས་ཏེ་བརྟན་བཞུགས་ལེགས་པར་གྲུབ་མཚམས་ཚ་བ་གཞིས་བྱེས་གཉིས་ནས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་སླད་རྒྱུ་དངུལ་ལས་གྲུབ་པའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས།
ལྷག་པར་གོང་ཚེས་ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཚེས་འཁེལ་ཡོད་སྟབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་མི་དམངས་རྣམས་ལ་སྐྱེས་རབས་སོ་བཞིའི་གསུང་ཆོས་དབུ་འཛུགས་དང་འབྲེལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ངོ་སྤྲོད་མཛད་དོན། ང་ཚོས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཞིག་རྩི་བཞིན་ཡོད། དུས་ཆེན་དེ་ནི་སྔར་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ཆོ་འཕྲུལ་ཟླ་བ་འདི་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་བཀོད་པ་བསྟན་པའི་ཐོག་ནས་གཞན་དོན་རྒྱ་ཆེན་བསྒྲུབས་པའི་ལོ་རྒྱུས་ཡོད་པ་ཞིག་རེད། གང་ལྟར་བཅོམ་ལྡན་འདས་ཀྱི་མཛད་ཆེན་ཞིག་ཆགས་ཡོད་པར་བརྟེན་ང་ཚོས་རྗེས་དྲན་བྱེད་བཞིན་ཡོད། རྗེས་དྲན་བྱེད་སྟངས་དེ་ཡང་ལོ་ཉིས་སྟོང་དྲུག་བརྒྱའི་གོང་རྒྱ་གར་གྱི་རྒྱལ་ཕྲན་ཆུང་ཆུང་ཞིག་ནང་རྒྱལ་སྲས་ཤིག་བྱུང་བ་རེད། རིམ་བཞིན་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་བ་རེད་ཅེས་པ་དེ་འདྲ་རེད་མི་འདུག དེ་ལྟ་བུ་ཆོས་ལུགས་ཚང་མར་གསུང་རྒྱུ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཡང་སྙིང་གང་འདྲ་ཞིག་ཡིན་མིན་ཐོག་བསམ་བློ་བཏང་སྟེ་དཔྱད་པ་བྱས་ནས་ངོ་འཕྲོད་པ་ཞིག་བྱེད་དགོས་རྒྱུ་ཧ་ཅང་ཆེན་པོ་རེད། དེ་བཞིན་ནང་པ་སངས་རྒྱས་པའི་སྐྱབས་གནས་གསུམ་ནི་སངས་རྒྱས་དང་ཆོས། དགེ་འདུན་གསུམ་རེད། སྐྱབས་གནས་དངོས་དེ་སངས་རྒྱས་དང་དགེ་འདུན་གཉིས་མིན་པར་ཆོས་དཀོན་མཆོག་ཡིན། སངས་རྒྱས་ཆོས་དེ་སྟོན་མཁན་གྱི་སྟོན་པ་ཡིན་པའི་ཆ་ནས་སྐྱབས་སུ་བཞག་པ་རེད། དགེ་འདུན་དེ་དང་པོ་འགོག་ལམ་ནས་བཟུང་ཆོས་དཀོན་མཆོག་ལ་བརྟེན་ནས་རིམ་གྱིས་རྟོགས་པ་མཐོ་རུ་སོང་བ་ཞིག་ཡིན་སྟབས། བསླུ་བ་མེད་པའི་སྐྱབས་གནས་ཀྱི་ཟླ་གྲོགས་ཆགས་པ་རེད། སངས་རྒྱས་སྐྱབས་སྟོན་པ་པོ་དང་ཆོས་སྐྱབས་དངོས། དགེ་འདུན་སྐྱབས་བསྒྲུབ་པའི་ཟླ་གྲོགས། ཞེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟངས་ཀྱི་ཆ་ནས་དེ་འདྲ་བྱས་ཏེ་འགྲོ་དགོས། ཅེས་བཀའ་སློབ་ཕེབས་ཏེ་བརྟན་བཞུགས་དང་ཆོས་འབྲེལ་ལེགས་པར་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་སྒར་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད།