༢༠༡༤ ཟླ་ ༣ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ནས ༢༢ བར་ཉིན་བཅུ་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་གི་ཚོགས་ཁང་གསར་པའི་ནང་དབུ་འཛུགས་གནང་ཡོད། དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱྲི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་འདི་གནད་དོན་མང་པོ་ཞུ་རྒྱུ་མེད། གང་ལ་ཞེ་ན། ཁ་སང་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་ཆ་ཚང་བ་ཞིག་ཞུས་ཟིན་པ་ཡིན། དེ་རིང་བོད་ཟླ་དང་པོ་ཚེས་བཅུ་ཆགས་ཡོད།
སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚེས་བཅུ་ཟབ་གསོལ་དང་འབྲེལ་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་ནས་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་མཛད་ཡོད། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་སོགས་གསར་རྒྱག་ལེགས་གྲུབ་དང་འབྲེལ་བའི་ལས་རིམ་ཞིག་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་ནང་ཚོགས་ཡོད། སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་སྐབས་ཚོགས་གཙོས་མང་གཙོའི་ཀ་བ་གསུམ་གྱི་ཚབ་ཞུས་ཏེ་དམ་བཅའ་འབུལ་ལམ་ཞུས་པ་ལྟར། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་འདི་གསར་རྒྱག་ལེགས་གྲུབ་ཟིན་པ་རེད། ཕྱིའི་སྣོད་ཀྱི་ཐོག་ནས་མཐུན་རྐྱེན་འཛོམས་པོ་ཆགས་ཡོད། ནང་གི་བཅུད་ཚོགས་ཁང་འདིའི་ནང་ཡོད་པའི་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པ་ཆགས་ཡོད། ཕྱིའི་སྣོད་ཡག་པོ་བྱུང་ཡོད་པ་བཞིན་ནང་གི་བཅུད་ཀྱང་སྔར་ལྷག་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་སྔ་དྲོ་༸གོང་ས་མཆོག་ལ་དམ་བཅའ་འབུལ་ལམ་ཞུས་པ་ལྟར་ང་ཚོས་འབད་བརྩོན་གང་ཞིག་བྱས་ཀྱང་སྤྱི་དོན་ལ་དམིགས་རྒྱུ་གལ་ཆེན་པོ་རེད། གནས་སྟངས་འདྲ་མིན་དབང་གིས་སྤྱི་འཐུས་བཞི་ཙམ་ཞིག་དུས་ཡུན་མི་འདྲ་བར་དགོངས་པ་ཞུས་སོང་མ་གཏོགས་དེ་མིན་ཚང་མ་ལྷན་འཛོམས་བྱུང་ཡོད། ཕྱི་ཟླ་གསུམ་པའི་གྲོས་ཚོགས་འདི་བཞིན་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད། དེར་བརྟེན་ཚོགས་ཡུན་མང་བ་ཞིག་སྔོན་རྩིས་ཐོག་གཏོང་དགོས་ཀྱི་ཡོད། ཅེས་ཞུ་རྒྱུ་ཡིན།
ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་ཚོགས་ལགས་ཀྱིས་སྒྲོགས་སྦྱང་གནང་སྟེ་བོད་ནང་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད།