༢༠༡༤ ཟླ་ ༣ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །སྦེལ་ཇམ་དུ་གནས་སྡོད་རིན་ཆེན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་༡༣ ཉིན་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་རང་ལོ་ ༡༩ ཡིན་པ་བློ་བཟང་དར་རྒྱས་ལགས་དང་། གྲྭ་རང་ལོ་ ༡༨ ཡིན་པ་ལུང་རྟོགས་རྒྱལ་མཚན་ལགས་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
དེང་སྐབས་ཆོ་འཕྲུལ་ཟླ་བ་ཡིན་པར་བརྟེན། གོང་གསལ་གྲྭ་པ་གཉིས་དྲིལ་མདའ་དགོན་པའི་ནང་བཀའ་འགྱུར་དག་སྒྲོག་གནང་མཁན་དག་གི་གསོལ་ཆས་ཉོ་ཆ་རྒྱག་ཆེད་སོག་རྫོང་གི་ཅུང་པ་ཡུལ་ཚོ་ལ་ཕྱིན་ནས་ཕྱིར་ཡོང་དུས་ཕྱི་པོ་ཆགས་རྐྱེན། ཁོང་གཉིས་ལྕགས་ཟམ་ཟམ་ཁ་རུ་“ལྕགས་རྩི་དམར་པོས་བོད་རང་བཙན་ཡིན་”ཞེས་པའི་ཡི་གེ་འབྲི་མཁན་ཡིན་པའི་དོགས་གཞིའི་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག ཁོང་རྣམ་གཉིས་སོག་རྫོང་དུ་ཁྲིད་རྗེས་གང་དུ་བཙོན་འཇུག་བཀག་ཉར་བྱས་མིན་ཤེས་རྟོག་ཐུབ་ཀྱི་མེད་པ་རེད་འདུག
བོད་ཚེས་བཅོ་ལྔའི་ཉིན་དྲིལ་མདའ་དགོན་པའི་འདུ་ཁང་གི་ཕྱི་ནང་གང་སར་དམག་ཆས་ཆ་ཚང་གྱོན་ནས་མེ་མདའ་ཐོག་པའི་དམག་མིས་བསྐོར་ནས་གྲྭ་པ་དེ་ཚོར་རང་དབང་འགྲོ་སྐྱོད་བྱེད་མ་བཅུག་པར་བཟང་བཙོན་ལྟ་བུ་ཆགས་ཡོད་འདུག དེ་བཞིན་ཕྱི་ཚེས་ ༡༤ ཉིན་ཁྲི་རུ་ཡུལ་ཚོ་གྲོང་ཚོ་གཉིས་པའི་བསྟན་གཡང་གི་བུ་རང་ལོ་ ༡༨ ཡིན་པ་ཚེ་རིང་བསམ་འཕེལ་ལགས་དང་། ནོར་བུ་དབང་གྲགས་ཚང་གི་བུ་གྲགས་གཉིས་འཛིན་བཟུང་བྱས་འདུག ཁོང་གཉིས་ཀྱིས་ཁ་པར་བརྒྱུད་བོད་ཀྱི་གཞས་པ་ཤེར་བསྟེན་གྱི་གཞས་ཤིག་ཕན་ཚུན་སྐུར་བ་ལ་བརྟེན་ནས་འཛིན་བཟུང་བྱས་འདུག ཁོང་གཉིས་སོག་རྫོང་དུ་ཁྲིད་རྗེས་གང་དུ་བཙོན་འཇུག་བཀག་ཉར་བྱས་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག