༢༠༡༤ ཟླ་ ༣ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །མཚུངས་མེད་སོ་ནམ་གཞིས་ཆགས་ཆེ་ཁག་བཅུ་གཉིས་དང་། ཀྲུ་ཀྲིང་། ར་ཝང་ལ་ཀུན་ཕན་གླིང་། ཧར་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་། སྤོན་ཊ་ཆོལ་གསུམ་གཞིས་ཆགས། སྤུར་ཝ་ལ་ས་སྐྱ་གཞིས་ཆགས། སོ་ལན་བོན་གཞིས་བཅས་ཀྱི་ས་གནས་འགོ་འཛིིན་ལྷན་རྒྱས་མཆོག་གང་དེར། ཆེད་ཞུ། བོད་མི་སྐྱབས་བཅོལ་བ་རྣམས་ལ་སོ་ནམ་འདེབས་ལས་ཆེད་རྒྱ་གར་གཞུང་ནས་ས་ཞིང་བོགས་མ་གནང་བ་དེ་དག་རང་འདེབས་ཐུབ་ཐབས་དང་ཞིང་ས་བདག་གཅེས་བྱ་དགོས་སྨོས་མེད་ཀྱང་། སོ་ནམ་ཞིང་པའི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་རྐྱེན་གྱི་ས་སྟོང་བེད་མེད་ཇེ་མང་དུ་ལྷག་བཞིན་པ་དེ་དག་ཕྱི་མིའི་མཐོང་ཚུལ་མི་འབྱུང་ཆེད་ནང་ཁུལ་བོགས་འདེབས་སམ། ཕན་ཚུན་ཞིང་ས་ཕོན་ཆེ་མཉམ་འདེབས་བྱ་འདོད་ཡོད་རིགས་རྣམས་ལ་ཞིང་རྨོས་འཕྲུལ་འཁོར་ཀྲག་ཀྲར་གྲངས་ ༩ ཙམ་ཉོ་རྒྱུའི་སྐྱེད་ཆུང་བུན་གཏོང་གི་ལས་འཆར་ཞིག་སྤེལ་འཆར་ཡོད་པ་ཞིང་པ་ཚོ་ཁག་(Group)རེ་ལ་སྒོར་མང་མཐའ་འབུམ་ལྔ་རེ་གནང་རྒྱུ་ཡིན་ན། བུ་ལོན་ལེན་འདོད་ཡོད་རིགས་ཞིང་པ་ཚོ་ཁག་སོ་སོའི་ལས་འཆར་དང་ཞུ་སྙན་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ འགྱངས་མེད་འདི་ལས་སུ་འབྱོར་བར་འབུལ་དགོས། སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༨ ཉིན་གཏན་འབེབས་གནང་བའི་སོ་ནམ་ལས་གཞིའི་དངུལ་བུན་གཏོང་ཕྱོགས་ཀྱི་ལམ་སྟོན་གྱི་ངོ་བཤུས་འདི་མཉམ་ཟུར་གསལ་གྱི་འགེངས་ཤོག་(ཀ། ཁ། ག ང་།)ཁག་ལས་འཆར་མཉམ་བཀང་འབུལ་ཞུ་དགོས།
ལས་འཆར་འདི་བཞིན་འཚོ་བ་ས་ཞིང་ལ་བརྟེན་བཞིན་པའི་ཞིང་པ་རྣམས་རང་རྐྱ་འཕེར་ཞིང་ཆེ་མཐོང་ལྡན་པ་ཡོང་ཐབས་བྱ་རྒྱུའི་དམིགས་ཡུལ་ཡིན་སྟབས་གལ་ཆེ་དོན་ཆེ་རྩི་སྟེ་ས་གནས་མང་ཚོགས་སུ་མ་གོ་མ་ཐོས་མེད་གསལ་བསྒྲགས་དམ་དོན་གནང་དགོས། ས་གནས་སོ་ནམ་ལས་གཞིའི་བུན་གཏོང་སྟངས་འཛིན་ཚོགས་ཆུང་གི་གྲུབ་ཆ་གོང་གསལ་སྒྲིག་གཞིའི་དོན་ ༤ པའི་གནང་གསལ་ལྟར་གནང་ཕྱོགས་དགོས་པ་དེ་དོན་དགོངས་འཇགས་ཞུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ལ།
ཕུལ།