༢༠༡༤ ཟླ་ ༣ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༨ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་མཚན་རྟགས་བཀོད་དེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་ཚོད་དང་བསྟུན་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད། སྐབས་དེར་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་གི་ཉིན་མོར་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སིམ་ལར་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་མི་སེར་རྒྱལ་ཁབ། དེ་བཞིན་བོད་བཅས་དབང་ཚད་འདྲ་མཉམ་གྱི་ཐོག་ནས་ཆིངས་ཡིག་བཞག་སྟེ་ལོ་བརྒྱ་འཁོར་བཞིན་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་ཧྲིལ་པོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་མཛད་སྒོ་སིམ་ལ་ས་གནས་དང་། དེ་རྗེས་ཕྱི་ཟླ་དྲུག་པའི་ནང་རྒྱལ་ས་ལྡི་ལི་བཅས་ནང་སྲུང་བརྩི་ཞུ་དགོས་པའི་ལམ་སྟོན་ཕེབས་ཡོད། ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་པ་དེས་སྐབས་དེར་རྒྱལ་སྤྱིའི་ནང་བོད་ཀྱི་ངོ་བོ་གསལ་པོ་རྩོད་མེད་ཡོངས་གྲགས་ཡིན་པ་དང་། དེ་རིང་འདིར་བགྲོ་གླེང་འཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་སིམ་ལ་དང་ལྡི་ལིར་ལྷན་ཚོགས་ཀྱི་གནང་རྒྱུའི་སྟ་མགོན་ཆེད་ཡིན། དེར་བརྟེན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྣམ་པ་ཚོ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་རྗེས་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༡༩༡༤ ལོར་རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ། ཅེས་པའི་སྐོར་གསུང་བཤད་གནང་བ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་བོད་མིས་བལྟ་སྟངས། ཞེས་པའི་སྐོར་གསུང་བཤད་གནང་གྲུབ་མཚམས་ལྡི་ལིའི་གཙུག་ལག་སློབ་དཔོན་ཨ་བྷན་ཏི་བྷ་ཊ་ཅརྱཱ་ (Abhanti Bhattacharya) ལགས་ཀྱིས་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་རྒྱ་དཀར་གྱིས་ལྟ་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྗེས་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བགྲོ་གླེང་ལྷན་ཚོགས་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག
ཤིང་སྟག་སིམ་ལའི་ཆིངས་ཡིག་ནི་ཕྱི་ལོ་ ༡༩༡༤ ཟླ་ ༥ ཚེས་ ༣ ཉིན་རྒྱ་བོད་དབྱིན་གསུམ་གྱི་ཆིངས་དོན་སྐུ་ཚབ་སྟེ་དབྱིན་གཞུང་གི་སྐུ་ཚབ་སར་ཧན་རེག་མེད་མོ་ཧོན་དང་། བོད་ཀྱི་སྐུ་ཚབ་བློན་ཆེན་བཤད་སྒྲ། རྒྱ་མིའི་སྐུ་ཚབ་ཨེ་ཕེན་བཅས་རྒྱ་གར་གྱི་ས་གནས་སིམ་ལར་ལྷན་འཛོམས་ཀྱིས་ཟླ་དེའི་ཕྱི་ཚེས་ ༡༠ ཉིན་བཞག་པའི་ཆིངས་ཡིག་དེར་བརྗོད་པ་ཡིན། དེ་ཡང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་སྦྱར་བའི་བོད་ཀྱི་སྲིད་དོན་རྒྱལ་རབས་གླེགས་བམ་གཉིས་པའི་ཤོག་ངོས་ ༢༣༩ ཐོག་འཁོད་དོན་ལྟར་ན། བོད་ཤིང་སྟག་ཟླ་ ༥ ཚེས་ ༡༠ དང་ ཕྱི་ལོ་ ༡༩༡༤ ཟླ་ ༧ ཚེས་ ༣ ཉིན་རྒྱ་བོད་དབྱིན་གསུམ་ལྷན་འཛོམས་སར་རྒྱ་གར་གྱི་ཕྱི་རྒྱལ་བློན་ཆེན་ནས་སྔ་ཕྱིའི་གནས་ལུགས་ཞིབ་གསུངས་ཐོག་ད་ཆ་ཆིངས་འདིར་རྟགས་འཛུགས་གནང་ན་ལེགས་ཚོགས་ཆེ་ཚུལ་དང་།
དེ་མིན་དབྱིན་བོད་གཉིས་ཆིངས་ཡིག་འདི་དང་། ཟུར་པར་རྟགས་འཛུགས་དང་། ལག་རྟགས་གནང་རྒྱུ་ཡིན་ཚུལ་གསུངས་པར། རྒྱ་ཕྱོགས་ནས་ཁས་ལེན་མ་བྱས་གཤིས། རྒྱ་མིའི་སྐུ་ཚབ་ཀྱི་མདུན་ས་དེ་རང་ལ་ཆིངས་ཡིག་ངོ་མར་དབྱིན་བོད་གཉིས་དམ་ཕྲུག་དང་། ལག་རྟགས་ས་ཡིག་ཕབ་རྒྱག་གནང་བ་མ་ཟད། ཟུར་དུ་ཆིངས་ཡིག་བཞག་པའི་ཚིག་གཞིར། དབྱིན་ཇིའི་གོང་མ་ཆེན་པོ་དང་། བོད་གཞུང་གི་བཀས་མངགས་པའི་ཆིངས་དོན་སྐུ་ཚབ་གཉིས་ད་ལམ་གཤམ་གསལ་གྱི་ཚིག་འབྲུ་ཡིག་ཐོག་ཏུ་བཀོད་དོན། ཆིངས་ཡིག་ཟུར་དུ་ཡོད་པ་དེ་བཞིན་དབྱིན་གཞུང་དང་། བོད་གཞུང་གཉིས་ནས་བརྩི་འཇོག་བྱེད་རྒྱུ་ངོས་རྣམས་ནས་ངེས་ཡོད། རྒྱ་ནག་གཞུང་ནས་ཆིངས་ཡིག་དེར་རྟགས་འཛུགས་མ་བྱས་པར་ཆིངས་ཡིག་དེའི་ནང་རྒྱ་ནག་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་པ་བཅས་ཤོག་ལྷེ་འདི་བཞིན་ལ་ངོས་རྣམས་ནས་དབྱིན་བོད་ཡི་གེ་འདྲ་གཉིས་རེའི་ཐོག་ཐམ་ག་དང་། མིང་རྟགས་བརྒྱབ་ཡོད། ཤིང་སྟག་ཟླ་ ༥ ཚེས་ ༡༠ ལ། ཞེས་འཁོད་ཡོད་པ་རེད།