༢༠༡༤ ཟླ་ ༣ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་༢༣ ཡིན་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཅན་གྱི་སྲི་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེ་རུ་སྒྲོན་ཡོད་འདུག ཁོང་གིས་ཨ་མདོ་རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ནས་མེར་སྲེག་སྟེ་སྐད་འབོད་༼འབོད་ཚིག་གི་ནང་དོན་ཤེས་རྟོགས་མ་བྱུང་།༽གནང་བཞིན་གོམ་པ་འགར་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་སླེབས་ནས་མེ་བསད་ཅིང་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་པ་དང་།
དེའི་རྗེས་ནས་ས་གནས་གང་དུ་ཁྱེར་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད། དམ་པ་ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རི་ཆེན་གསུམ་པའི་ཨ་ཤེར་ཚང་ནས་ཡིན་ཞིང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཡིན་འདུག མི་ཚང་དེར་རྔ་པ་ཀིརྟི་དགོན་དུ་གྲྭ་པ་སྤུན་གཉིས་ཡོད་པ་ལས་ཆེ་བ་དེ་ཡིན། ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་ད་ལྟ་འཛིན་གྲྭ་བསྡུས་ཆེན་ལ་སླེབས་ཡོད་འདུག དེ་རིང་གནས་ཚུལ་དེ་བྱུང་མ་ཐག་རྔ་པ་རྫོང་མཁར་གྱི་བོད་མིའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་ནས་ཁོང་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེ་དང་། སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་བསྟན་ཡོད་པ་དང་། ད་ལྟའི་རྔ་པའི་ཁྲོམ་གཞུང་དུ་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་ཉེན་རྟོག་པ་མང་པོས་དམ་བསྒྲགས་བྱེད་མུས་ཡིན་འདུག
དེ་རིང་ནི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་ཨ་མདོ་རྔ་པ་ནས་རང་དབང་གི་འབོད་སྒྲ་སྒྲོག་མཁན་གྱི་བོད་མི་སྐྱ་སེར་རྒན་གཞོན་མང་པོ་དམར་གསོད་བཏང་ནས་མི་ལོ་དྲུག་འཁོར་བའི་ཉིན་མོ་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ཟླ་༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཚུལ་ཁྲིམས།
ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཐོགས་མེད་བཅས་ཀྱིས་སྔ་ཕྱིར་ཉིན་མོ་དེ་དྲན་གསོ་ལྟ་བུར་མེ་དཔུང་གི་ཁྲོད་ནས་བོད་ལ་རང་དབང་དགོས་པའི་འབོད་སྒྲ་སྒྲོག་བཞིན་མི་ཡུལ་ནས་ཞལ་གྱེས་གནང་ཡོད་ལ། ད་ལོ་ཡང་འདི་ལྟར་ཁོང་ཅག་དང་འདྲ་བར་དཔའ་བོའི་སྲང་ལམ་ནས་ཚེ་སྲོག་གི་མེ་ལྕེས་རང་དབང་གི་འབོད་སྒྲ་སྒྲོག་བཞིན་པ་བཅས།།