༢༠༡༤ ཟླ་ ༣ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མི་གཞིས་སྒར་དུ་རྒྱ་གར་གྱི་ས་གནས་ཁག་གཅིག་ནས་ཆེད་ཕེབས་གནང་བའི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་བཙན་བྱོལ་ནང་གི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་སྐུ་ཚབ་དང་། དེ་བཞིན་ཉི་ཧོང་དང་ཀོ་རི་ཡ་སོགས་ཁྱོན་མི་གྲངས་ ༤༥ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་དབྱིན་ཡུལ་དུ་གནས་བཞུགས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་ལྕམ་སྐུ་ཨེ་ལེ་སོན་རེ་ནོ་ཌི་ (Alison Reynolds) ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ལས་འགན་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་འགོ་འཛུགས་ཞུས་ཏེ། ད་ལྟའི་ཆར་ཨ་རི་དང་ཡུ་རོབ། ཨེ་ཤི་ཡ། ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་མི་འདྲ་བ་ ༣༠ ལྷག་ནང་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་སྒྲུབ་བཞིན་ཡོད། ལྷག་པར་ད་ལྟ་བར་འབྲེལ་མཐུད་ལས་ཁུངས་ཁག་གིས་བོད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐབས་དང་། ཞི་བའི་ལས་འགུལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་ཐབས། དེ་བཞིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས། བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་ཏུ་སྤུངས་ཐབས། བོད་ནང་གི་རྩོམ་པ་པོ་དང་གཞས་པ། སྒྱུ་རྩལ་བ་སོགས་ཀྱི་གནས་བབ་རྒྱལ་སྤྱིའི་ཐོག་ཏུ་གསལ་སྟོན་བཅས་ཀྱི་ལས་འགུལ་སྤེལ་བཞིན་ཡོད།
ཅེས་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་ངལ་སེལ་ཆེད་དབུ་མའི་ལམ་བརྒྱུད་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ལ་རྩོད་ལེན་གནང་བཞིན་ཡོད། སྤྱིར་བཏང་དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་ཆེད་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་བྱུས་ཧ་ཅང་བཟང་པོ་ཞིག་ཡིན་སྟབས། ལམ་འདིའི་དམིགས་ཚད་དང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྔར་ལྷག་ཐུགས་ཞིབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་ཆར་བོད་ཀྱི་འཐབ་རྩོད་ཐད་གཞོན་སྐྱེས་ཚོས་འགན་ལེན་ཐོག་རྒྱུན་འཁྱོངས་དང་ཆིག་སྒྲིལ་བྱེད་དགོས་པའི་དུས་ལ་བབ་ཡོད། བོད་ཀྱི་འཐབ་རྩོད་ནི་བོད་མིའི་གནད་དོན་ཙམ་མ་ཡིན་པར། ཨེ་ཤི་ཡའི་འཐུང་ཆུའི་གནད་དོན་དང་འབྲེལ་བ་ཡོད་པ་ཤེས་རྟོགས་དགོས་རྒྱུ་གལ་ཆེ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༡༦ ཉིན་མཇུག་བསྒྲིལ་གནང་རྒྱུ་ཡིན་འདུག་པ་བཅས། །