༢༠༡༤ ཟླ་ ༣ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣་ཚེས་ ༢༢ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ བར་རྨ་ཆུ་དབལ་པན་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་སྒོ་ཤུལ་བློ་བཟང་ལགས། སྔར་ལོའི་ཧོར་ཟླ་ ༡༠ ཚེས་ ༢༧ ཉིན་བཙོན་ཁང་དུ་གཅར་རྡུང་མནར་གཅོད་བཏང་སྟེ་གསོན་པོའི་རེ་བ་མེད་པའི་གནས་སུ་བསླེབས་མཚམས་གློད་བཀྲོལ་བཏང་ཡོད་པ་ལྟར། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༢ ཙམ་ལ་ཁོང་འདས་གྲོངས་སུ་གྱུར་འདུག སྐབས་དེར་ཁོང་གི་ཉེ་འགྲམ་དུ་བུ་དང་བཟའ་ཟླ། དེ་བཞིན་སྤུན་ཆུང་ཤོས་བཅས་ཡོད་འདུག ཁོང་འདས་གྲོངས་སུ་འགྱུར་ཁར་ཁ་ནས་སྐད་ཆ་ཤོད་མ་ཐུབ་པར་བརྟེན་ལག་གཉིས་ཐལ་མོ་སྦྱར་འདུག
སྒོ་ཤུལ་བློ་བཟང་ལགས་ནི། ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པན་ཡུལ་ཚོ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༤༣ ཙམ་ཡིན་འདུག་ལ། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇྰ་བོད་ཁྱིམ་དུ་སློབ་སྦྱོང་གནང་མྱོང་ཡོད་འདུག ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་ཁོང་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་ཚུལ་བཤད་དེ་འཛིན་བཟུང་བྱེད་རྩིས་བྱེད་སྐབས། ཉེན་ཡོལ་དུ་བྲོས་བྱོལ་ལ་ཕྱིན་ཏེ་དུས་ཡུན་གང་ཙམ་རིང་བསྡད་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ བའི་ནང་རྨ་ཆུ་རྫོང་ཉེན་རྟོག་པས་གློ་བུར་འཛིན་བཟུང་གིས་ལོ་དེའི་ཟླ་ ༡༠ བའི་བར་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
རྗེས་སུ་ལན་ཀྲུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་གནས་སྤོས་བྱས་ཡོད་པ་མ་ཟད། སྔ་ཕྱིར་ཉེན་རྟོག་པ་དང་བཙོན་སྲུང་བས་འདྲི་རྩད་གཅར་རྡུང་རབས་དང་རིམ་པ་བཏང་སྟེ་ནད་གཅོང་བཟོས་པ་དང་། བཙོན་ཁང་དུ་ཁ་ལག་ཟ་མ་ཐུབ་པ་དང་སྨན་བཅོས་མཐུན་རྐྱེན་མ་རག་པ་སོགས་ཀྱིས་གཟུགས་པོ་སྐམ་པོ་ཆགས་ཏེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས་བཙོན་གྲོལ་བཏང་ཡོད་འདུག ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སྐུ་ཕུང་གཞུགས་འབུལ་བྱ་རྒྱུ་ཡིན་འདུག
ད་ལྟའི་ཆར་ཁོང་གི་ཁྱིམ་དུ་རང་ལོ་ ༤༠ ཡིན་པའི་ཆུང་མ་ཏྰ་རེ་དང་། རང་ལོ་ ༡༨ ཡིན་པའི་བུ་ཡེ་ཤེས། རང་ལོ་ ༡༥ ཡིན་པའི་བུ་མོ་སྒྲོལ་བཅས་ཡོད་འདུག