༢༠༡༤ ཟླ་ ༣ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །སྦེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༥ པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་ཡུལ་དེའི་རྒྱལ་ས་སྦར་སེལ་ Brussels དུ་རྟེན་གཞི་བྱས་པའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལྷན་ཁང་གི་མདུན་དུ་ཤུ་མན་རྭ་བ་ Schuman Circle ཞེས་པའི་བསྟི་གནས་སུ་གསུམ་དུས་ཐེངས་ ༥༥ པ་སྲུང་བརྩི་ཞུ་སྐབས་ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བཀའ་ཤག་གི་གསུམ་དུས་གསུང་བཤད་སྒྲོགས་སྦྱང་གནང་།
སྐབས་དེར་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann མཆོག་གིས་སྐུ་ཚབ་ཆེད་གཏོང་གནང་ཡོད་པ་ཁོང་གིས་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ ༥༥ ཐོག་སྤེལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ལྕམ་སྐུ་ཨེ་ལི་ན་གྷ་ཡ་ཏ་མཆོག་དང་སྦེལ་ཇམ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ།
དེ་བཞིན་ས་གནས་གཞོན་ནུ་ཚོགས་པ་དང་། ཆུ་བཞི་སྒང་དྲུག་གི་སྐུ་ཚབ་བཅས་ཀྱིས་གསུང་བཤད་གནང་ཡོད། གཞན་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་བཀྲོལ་ཚོགས་པའི་འཐུས་མི་བསྟན་འཛིན་ཡར་འཕེལ་ལགས་ཀྱིས་སྤྲུལ་སྐུ་མཆོག་གི་ད་ལྟའི་གནས་སྟངས་སྐོར་གསུང་བཤད་གནང་བ་མ་ཟད། རིན་པོ་ཆེ་མཆོག་མགྱོགས་མྱུར་བཙོན་བཀྲོལ་ཐོབ་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད། དེ་རྗེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ས་ཁུལ་དེ་ནས་རྒྱ་ནག་གཞུང་ཚབ་བརྒྱུད་གྲོང་ཁྱེར་གྱི་ལམ་ཆེན་ཁག་ལ་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ལས་འགུལ་ལེགས་པར་མཇུག་སྒྲིལ་གནང་ཡོད། དེ་ཡང་སྦེལ་ཇམ་བོད་དོན་རྒྱབ་སྐྱོར་བས་ Les Amis du Tibet གོ་སྒྲིག་འོག་ཐེངས་འདིའི་གསུམ་དུས་ཐེངས་ ༥༥ དང་བསྟུན་སྦེལ་ཇམ་གྲོང་སྡེའི་ལས་ཁུངས་དང་ས་གནས་འདྲ་མིན་ཁག་ ༥༦ ལྷག་གི་ལས་ཁུངས་བཅས་ཀྱི་མདུན་དུ་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྣམ་པ་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད།