༢༠༡༤ ཟླ་ ༣ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༠ ཉིན་དགུང་གྲངས་ ༩༢ སོན་པའི་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འདས་གྲོངས་སུ་གྱུར་འདུག དམ་པ་ཁོང་གིས་ཕྱི་ལོ་ ༡༩༣༠ སྐབས་སུ་བོད་ཀྱི་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཡོད་པ་དེ་ཕྱིས་སུ་རྒྱ་ནག་གུང་ཁྲན་ཏང་གི་དམར་ཤོག་ཚོགས་པར་ཟླ་སྒྲིལ་བཏང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བློ་ཕམ་ཧ་ཅང་ཆེན་པོས་གསུང་དོན། རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་གི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་ཞུ་རྒྱུ་དང་། རྒྱ་ནག་གི་འགོ་ཁྲིད་ཚོས་གུང་ཁྲན་ཏང་ཡོན་རྒན་གྲས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཕུགས་རྒྱང་རིང་པོར་དམིགས་པའི་འཆར་སྣང་བཏོན་པ་དེ་དག་ལེགས་བཤད་ཡིན་པར་ངོས་འཛིན་ཐོག་བདག་སྤྲོད་ཀྱིས་བོད་ཀྱི་གནད་དོན་སེལ་ཐབས་ཆེད་ཐག་གཅོད་གནང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་འདུག
དམ་པ་ཁོང་ནི་ཕྱི་ལོ་ ༡༩༢༢ ལོར་བོད་ཤར་ཕྱོགས་ཁམས་འབའ་ཐང་དུ་འཁྲུངས་ཤིང་བོད་རིགས་རྣམས་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲོད་ཆེད་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་མཁན་གྱི་འགན་ཁུར་བ་གཙོ་གྲས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༥༤།༡༩༥༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་སྐབས་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་དང་མཇལ་འཕྲད་མཛད་དེ་བཀའ་མོལ་ཐེངས་མང་མཛད་སྐབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་གསུང་བསྒྱུར་གྱི་འགན་ཁུར་ཞུས་ཡོད། དམ་པ་ཁོང་གཞོན་དུས་སྐབས་ནས་སྤྱི་ཚོགས་རིང་ལུགས་པ་ཞིག་ཆགས་རྗེས་གུང་ཁྲན་རིང་ལུགས་ཀྱི་འཛིན་སྐྱོང་གཅིག་གི་འོག་ཆོལ་གསུམ་གོང་བུ་གཅིག་བསྒྱུར་ཞིག་ཡོང་ཐུབ་ཚེ་བོད་འདི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་བསྐྲུན་ཐུབ་རྒྱུར་ངེས་པ་གཏིང་གཟབ་བརྙེད་ནས་ངལ་བ་ཁྱད་བསད་ཀྱིས་འབད་བརྩོན་ཧ་ཅང་གནང་ཡོད་ཀྱང་ཕྱི་ལོ་ ༡༩༦༠ ལོར་རྒྱ་ནག་གཞུང་གིས་ཁོང་ལ་བོད་རིགས་ཀྱི་རྒྱལ་ཞེན་གོང་འཕེལ་གཏོང་རྒྱུར་བརྒྱུད་སྐུལ་བྱས་པར་བསྙེད་དེ་ལོ་ ༡༨ བཙོན་འཇུག་བྱས་ཡོད། དཀའ་ངལ་དེ་ལྟར་མྱངས་རྗེས་སུའང་འབའ་པ་ཕུན་དབང་གིས་རྒྱ་ནག་གུན་ཁྲན་ཏང་གི་སྲིད་གཞུང་ལ་དགག་པ་རྒྱག་མཁན་གཙོ་བོ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན། ཕྱིས་སུ་ཏེང་ཞའོ་ཕིང་གིས་སྲིད་བྱུས་གུ་ཡངས་སྐབས་དམ་པ་ཁོང་བཙོན་ནས་གློད་བཀྲོལ་བཏང་སྟེ་གུན་ཁྲན་ཏང་གི་གོ་གནས་ཀྱང་ཕྱིར་ལོག་བྱས་ཡོད། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་བོད་ཀྱི་རྒྱལ་ཞེན་རྒྱུན་བཅངས་ཐོག་ཕྱི་ལོ་ ༡༩༧༩ ནས་ཕྱི་ལོ་ ༡༩༨༥ བར་རྒྱ་གར་ནས་བོད་མིའི་སྐུ་ཚབ་ཕེབས་ཚད་སྐབས་ཁོང་རྣམས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཉེ་ལམ་ཁོང་གིས་རྩོམ་ཡིག་ནང་རྒྱ་ནག་ཏུ་ཞི་བདེ་བརྟན་ལྷིང་ཡོང་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད།
ཕྱོགས་མཚུངས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་ཀྱི་གནད་དོན་སེལ་ཆེད་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་གྱིས་འཛེམ་ཟོན་མེད་པར་ངོས་འཛིན་དང་རྒྱབ་སྐྱོར་ཞུས་ཏེ་འདི་ལྟར་གསུངས་ཡོད། ཏཱ་ལའི་བླ་མ་མཆོག་གིས་ད་ལྟའི་ཛ་དྲག་གི་དངོས་ཡོད་གནས་སྟངས་དང་འཚམ་པར་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་ལ་རང་བཙན་མ་རྩོད་པར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་འདི་ནི། བོད་མི་རིགས་ཀྱི་གཞི་རིམ་ཁེ་ཕན་ལ་དགོངས་པ་རླབས་ཆེན་མཛད་པ་ཞིག་ཡིན་པ་མ་ཟད། ཁོང་གིས་དུས་ཀྱི་འགྱུར་བའི་བབ་དང་བསྟུན་ནས་བོད་རྒྱ་མི་རིགས་གཉིས་ཀྱི་གནད་དོན་རྟོགས་རྒྱུར་ཐུགས་འགན་ཧ་ཅང་ཆེན་པོ་བཞེས་པ་ཞིག་ཆགས་ཡོད། དེར་བརྟེན་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་འདི་དངོས་ཡོད་གནས་ཚུལ་དང་འཚམ་ཞིང་ཕུགས་རྒྱང་རིང་པོའི་དགོངས་བཞེད་ཅིག་ཆགས་ཡོད། ཅེས་གསུངས་ཡོད།
ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་གྱེན་ལངས་བྱུང་རྗེས་ཕུན་དབང་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་ཐུག་སྟེ་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་གྲོས་མོལ་སྐབས་མཁྲེགས་བཟུང་གི་སྲིད་བྱུས་རྒྱུན་འཁྱོངས་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། བོད་རྒྱ་ཞི་མོལ་སྐབས་དེར་བོད་མིའི་སྐུ་ཚབ་རྣམས་ཀྱིས་བཏོན་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཆེད་བསམ་འཆར་བཏོན་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་འཕྲལ་དུ་དགག་པ་བརྒྱབ་པ་དེར་སྐྱོན་བརྗོད་གནང་སྟེ། བསམ་འཆར་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་དང་མཐུན་པ་ཞིག་ཡིན་པའི་ར་སྤྲོད་གནང་ཡོད། ཕུན་དབང་ལགས་དམ་པ་ཁོང་ལ་ཤུལ་ལུས་བཟའ་ཟླ་དང་ཕྲུ་གུ་བཞི་བཅས་ཡོད་འདུག