༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༣ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ནི་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་གལ་ཆེན་ཉིན་མོ་ཞིག་ཆགས་ཡོད། དེ་རིང་འདིར་བྱ་དགའ་བཞེས་མཁན་རྣམས་ནས་མི་ལོ་ཉི་ཤུ་དང་སུམ་ཅུ་ལྷག་ཕྱག་ལས་གནང་ཡོད། ཁོང་རྣམ་པས་གཙོས་སྨན་དང་རྩིས་ཀྱི་སློབ་སྦྱོང་ཐོན་མཁན་སྨན་པ་དང་རྩིས་པ་རྣམ་པ། སློབ་ཕྲུག ལས་བྱེད་བཅས་ཚང་མར་དམིགས་བསལ་གྱི་འཚམས་འདྲི་ཞུ་རྒྱུ་ཡིན། བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༣ འདིའི་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་མི་ཐོག་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་ཏེ་སྔར་མེད་གསར་འཛུགས་ཐོག་ཡར་རྒྱས་གོང་སྤེལ་གཏོང་ཆེད་ཕྱག་ལས་གནང་ཡོད།
དེར་བརྟེན་མི་ཐོག་རྒན་པ་རྣམས་ཀྱིས་གཙོས་ད་ལྟ་ཕྱག་ལས་གནང་བཞིན་པའི་ལས་བྱེད་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་འཕྲོད་བསྟེན་ལས་ཁུངས་འགོ་མ་བཙུགས་གོང་ང་ཚོའི་སྲོལ་རྒྱུན་བོད་ཀྱི་གསོ་བ་རིག་པ་འདི་གལ་ཆེར་བརྩིས་ཏེ་དང་པོ་དབུ་འཛུགས་གནང་ཡོད། སྨན་རྩིས་ཁང་གི་འགན་འཛིན་གྱིས་གོང་དུ་གསུངས་པ་ལྟར། བོད་ཀྱི་སྨན་རྩིས་ཁང་འདི་ཐོག་མར་འཛུགས་སྐབས་༸གོང་ས་མཆོག་གིས་ད་ལྟ་ང་ཚོ་དཀའ་ངལ་ཆེན་པོ་ཞིག་གི་སྟེང་ཡོད། མ་འོངས་པར་ལོ་ཉི་ཤུ་སུམ་ཅུའི་རྗེས་འཛིམ་གླིང་ནང་བོད་ཀྱི་སྨན་རྩིས་ཁང་འདི་འབུར་དུ་འཐོན་ཐུབ་རྒྱུ་དང་། བོད་ཀྱི་གསོ་བ་རིག་པའི་ལམ་ནས་མང་ཚོགས་ཀྱི་འཕྲོད་བསྟེན་དང་གང་ཅིར་ཕན་ཐོགས་ཆེན་པོ་ཞིག་བསྒྲུབ་ཐུབ་རྒྱུ་ཡིན་པ་གསལ་པོ་ཆགས་ཀྱི་རེད། ཅེས་བཀའ་སློབ་ཕེབས་པ་བཞིན་ད་ལྟ་དངོས་སུ་དེ་ལྟར་ཆགས་ཡོད་པ་རེད་ཅེས་ཞུ་འདོད་བྱུང་། འོན་ཀྱང་ཡར་རྒྱས་ལ་མཐའ་མེད་པར་བརྟེན་ད་དུང་ཡང་ཡར་རྒྱས་གཏོང་རྒྱུ་མང་པོ་ཞིག་ཡོད་པ་རེད་སྙམ་གྱི་འདུག བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས་ཉམ་ཐག་དང་། ལས་བྱེད། ཆབ་སྲིད་བཙོན་ཟུར། སློབ་ཕྲུག རྒན་འཁོགས་ལོ ༦༥ ཡན་སོགས་ལ་སྨན་སྦྱིན་གནང་རྒྱུ་སོགས་འགྲོ་གྲོན་ཕོན་ཆེ་ཞིག་བཏང་དང་གཏོང་མུས་བརྒྱུད་མང་ཚོགས་ལ་ཕན་ཐོགས་ཆེན་པོ་ཞིག་སྒྲུབ་བཞིན་ཡོད་པ་རྣམས་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ནས་ངོས་འཛིན་གྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན།
དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་ཡོང་འབབ་ནས་བོད་མིའི་སྒྲིག་འཛུགས་ལ་ལོ་ལྟར་སྒོར་ས་ཡ་དྲུག་ནས་བརྒྱད་བར་གནང་བཞིན་ཡོད་པར་ཡང་བསྔགས་བརྗོད་ཞུ་རྒྱུ་ཡིན། འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གལ་ཆེ་ཞིག་འགོ་བཙུགས་ཡོད་པའི་ནང་མཉམ་ཞུགས་གནང་མཁན་གང་མང་ཡོང་ཆེད། སྨན་རྩིས་ཁང་ལ་འབོད་སྐུལ་ཞུས་པ་ལྟར་ལས་གཞི་འདིའི་ནང་འཛུལ་ཞུགས་གནང་མཁན་ཚོར་བོད་སྨན་ཐོག་བརྒྱ་ཆ་བཅུ་ཆག་ཡང་གནང་རྒྱུའི་དགོངས་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།