༢༠༡༤ ཟླ་ ༣ ཚེས་ ༢ རེས་གཟའ་ཉི་མ།
༄༅། །བོད་རྒྱལ་ལོ་ ༢༡༤༡ བོད་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢ ཉིན་རབ་གནས་ཤིང་རྟ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མཆོག་གིས་ཆོས་འཁོར་རྒྱལ་དུ་ལྷ་མོའི་ཚེས་གཏོར་གཟབ་རྒྱས་མཛད་སྲོལ་ལྟར་༸རྒྱལ་དབང་རིམ་བྱོན་ནས་བསྐྱངས་དང་སྐྱོང་མུས་བཞིན། ལོ་གསར་ཚེས་གཅིག་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞི་བསྐྱངས་ཏེ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་བཞུགས་ཁྲིར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་ལྷ་མོའི་གསུང་བསྐང་གསུང་འདོན་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུ་བ་ལས་བྱེད་རྣམ་པ་དང་ལས་ཟུར་བ་རྣམ་པ། བོད་མི་མང་སྤྱི་འཐུས་ལས་ཐོག་དང་ལས་ཟུར་རྣམ་པ་བཅར་ཡོད།
དེ་ནས་ཆུ་ཚོད་ ༨།༣༠ ཐོག་གནམ་ལོ་གསར་བཞད་ཀྱི་ཆོས་ཕྱོགས་མཛད་སྒོ་གཙུག་ལག་ཁང་གི་ཚོམས་ཆེན་དུ་མཛད་བཅར་བ་རྣམས་གདན་འཛོམས་ཐོག་རྣམ་གྲྭ་གསུང་ཞབས་རྣམས་ཀྱིས་སྐྱབས་སེམས་དང་། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་རྣམས་ལེགས་པར་གསུང་འདོན་གྲུབ་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་དཔལ་ལྡན་སྲིད་ཚབ་མཆོག་བཅས་ཀྱིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་ཚུགས་གྲུབ་བསྟུན་གསོལ་ཇ་བཞེས་འབྲས་རིམ་བཞིན་ཕུལ་ཡོད། དེ་ནས་བགྲོ་གླེང་པས་ཚིག་བཀྲ་བཅད་དེ་བཞུགས་ཁྲི་རིན་པོ་ཆེར་མཇལ་ཁ་ཞུས་རྗེས་ཀ་ཁྲི་སྒྲོག་སྟེ་ལོ་གསར་གྱི་མཛད་སྒོ་ལེགས་པར་གྲུབ་འདུག