༢༠༡༤ ཟླ་ ༣ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༢ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་ཁུལ་དེའི་བོད་རིགས་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ཐེ་ཝན་མི་དམངས་ལ་ (Dialogue) གྲོས་མོལ་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་ཤེས་ལྡན་པ་ཚོ་དང་གླེང་མོལ་མཛད་པའི་གློག་བརྙན་ཞིག་བསྟན་འདུག
སྐབས་དེར་ཡུ་གུར་རང་དབང་འཐབ་རྩོད་པ་སྐུ་ཞབས་ཝི་ཨཱ་ཤི་ལགས་ཀྱིས་གསུང་དོན། བོད་མིའི་རང་ལུས་མེར་སྲེག་གི་དོན་རྐྱེན་ནི་རྒྱ་ནག་གཞུང་ནས་བོད་མིའི་ཐོག་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད། ལྷག་པར་བོད་མི་བརྒྱ་བརྒལ་བའི་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོག་ལ་རྒྱ་ནག་གཞུང་ནས་ད་དུང་ཡང་བསམས་གཞིགས་བྱེད་ཀྱི་མེད། ཅེས་སོགས་གསུངས་འདུག
གློག་བརྙན་དེ་བཞིན་རྒྱ་རིགས་རང་དབང་ཅན་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ཝང་ཝུའུ་ལགས་ཀྱིས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་དང་། གློག་བརྙན་དེའི་ནང་གཙོ་བོ་ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་གནས་ཕོ་བྲང་ནས་དྲ་ལམ་བརྒྱུད་རྒྱ་རིགས་ཁྲིམས་རྩོད་པ་དང་མཁས་དབང་། རྩོམ་པ་པོ་སོགས་ཤེས་ལྡན་མི་སྣ་ཁག་གཅིག་དང་ལྷན་རྒྱ་བོད་མི་རིགས་གཉིས་དབར་གླེང་མོལ་མཛད་པ་ཟུར་དོན་གྱིས་ཆེད་བསྒྲིགས་ཞུས་པའི་སྐར་མ་ཉི་ཤུ་ཅན་གྱི་གློག་བརྙན་ཞིག་ཡིན་འདུག